༢༠༡༡ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་བསྐོ་གཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲེན་ཆེན་གོས་ཟླ་བ་འདིའི་ཚེས་ ༡༡ ཉིན་གྱི་སྔ་དྲོར་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་དམར་ཤོག་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་ཞེས་པའི་ཚབ་བྱས་ཏེ་ལས་དོན་སྙན་ཞུ་ཤོག་གྲངས་ ༡༥ ཡོད་པ་ཞིག་སྒྲོགས་སྦྱང་བྱས་འདུག་པར་ལྟ་ཞིབ་བྱེེད་སྐབས། དོན་ཚན་ཆེ་བ་ཁག་བཅུ་ཡོད་ཁོངས་ནས་གཙོ་ཆེ་ཤོས་དོན་ཚན་བཞི་པ། “སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་མཐའ་གཅིག་ཏུ་བསྒྲུབ་དགོས་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ཡུན་རིང་བདེ་འཁོད་ཡོང་བའི་འབད་བརྩོན་བྱེད་དགོས་ཞེས་བཤད་པ་དེ་རེད་འདུག དོན་ཚན་བཞི་པ་དེའི་ནང་། ནང་གསེས་དོན་ཚན་བཞི་ལ་ཁག་དབྱེ་ནས། དང་པོ་འདི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་ཞེས་པ་དང་། གཉིས་པ་ཁྲིམས་ལུགས་ལྟར་དགོན་སྡེར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ ཟེར་བ། གསུམ་པ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས། བཞི་པ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་ཞེས་བཀོད་འདུག
ད་རེས་ཁྲེན་ཆེན་གོ་ཡི་ལས་དོན་སྙན་ཞུ་འདིའི་ནང་། རྒྱ་ནག་གི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་ བུའི་ཐོག་བསྐྱོད་དེ་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུར་འབད་ཐབས་བྱ་རྒྱུ་བཤད་ཀྱང་། དོན་དངོས་ཐོག་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྤྱི་ཚོགས་བརྟན་ལྷིང་བདེ་འཁོད་ ཀྱི་རྨང་གཞི་མེད་པ་ཡིན་ན། དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་མེད་པའི་རྒྱུ་མཚན་གླེང་བའི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་ལས་དོན་གལ་ཆེ་ཤོས་ཨང་དང་པོར་བརྩིས་ཏེ། ད་ནས་བཟུང་ལོ་བཅུའི་ནང་ཚུན་བོད་ནང་བདེ་འཁོད་ཡོང་རྒྱུ་ཟེར་བའི་མིང་སྦྱང་འོག་ བོད་རང་སྐྱོང་ལྗོངས་ཞེས་པའི་མངའ་ཁུལ་གྱི་དགོན་སྡེ་ཁག་དང་གྲོང་ཁྱེར་དང་ཞིང་འབྲོག་གྲོང་ཚོ་ ༥༤༥༡ ནང་ཏང་སྲིད་ལས་ཁུངས་ཁག་གི་གཙོ་བོ་བྱས་པའི་ལས་བྱེད་མི་གྲངས་ ༢༡,༠༠༠ ཐམ་པ་ལས་དོན་རུ་ཁག་ཏུ་བཏང་སྟེ་གྲོང་ཚོ་རེ་རེ་དང་མི་ཚང་རེ་རེ་བཞིན་བྱས་ཏེ་རྒྱལ་གཅེས་སློབ་གསོ་དང་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ (ཉེ་དུས་ཨ་མདོ་རྔ་པ་དང་ཁམས་དཀར་ མཛེས་དགོན་དང་རྟའུ་ཉག་མཚོ་དགོན་བཅས་ནས་ད་བར་གྲྭ་བཙུན་བཅུ་གཅིག་གིས་སྐུ་ལུས་མེར་སྲེག་བཏང་བའི་ཞི་རྒོལ་ལས་འགུལ་བྱུང་བ་ལྟར་མི་འོང་ཆེད་) སྔར་ལས་དམ་བསྒྲགས་ཆེ་བའི་སྲིད་བྱུས་ཤིག་འཛིན་ཏེ་ད་ལྟའི་གུང་ཁྲན་ཏང་གི་སྲིད་དབང་བརྟན་པོ་ཡོང་ཐབས་ཆེད། ཡུན་རིང་བདེ་འཁོད་ལ་ཤུགས་སྣོན་རྒྱག་རྒྱུ་ཞེས་མིང་བྱང་འོག་ནས། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་ཆོས་དད་རང་དབང་དང༌། སྨྲ་བརྗོད་རང་དབང་སོགས་ཁྲིམས་མཐུན་ལུགས་མཐུན་གྱི་དབང་ཆ་བེད་སྤྱད་དེ་ཁོང་ཚོར་དགེ་སྐྱོན་གསལ་སྟོན་བྱེད་མཁན་གྱི་གྲྭ་བཙུན་རྣམས་ལ་ཁ་བྲལ་གྱི་ཉེས་པ་བཙུགས་ཏེ་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྔོན་བརྡ་ཞིག་བཏང་འདུག
རྒྱུ་མཚན་གང་ཡིན་ཞེ་ན། ཁྲེན་ཆེན་གོ་ཡི་སྙན་ཞུ་དོན་ཚན་བཞི་པའི་ནང་གསེས་དང་པོ་འདིའི་ནང་། ༡༽ ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར། མཐའ་མཚམས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཡིན་པའི་གནད་དོན་དེའི་ཐོག་རིམ་ཁག་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད བློ་ཐག་ཆོད་པོ། གོམ་སྟབས་གཅིག་མཐུན་བཅས་བྱེད༌དགོས། གལ་ཏེ་ཏང་ཡོན༌ལས་བྱེད་དང་ལས་བྱེད་པའི་ནང་ཏཱ་ལའི་ཁ་བྲལ་རིང་ལུགས་པ་དང་བློ་གཏད་ངན་འབྲེལ་ཡོད་པ་ཤེས་རྟོགས་བྱུང་ཚེ་ཉེས་ཆད་དྲག་པོ་གཏོང་རྒྱུ་བཤད་འདུག ད་རེས་ལས་དོན་རུ་ཁག་ནང་འདེམས་བསྐོ་བྱས་པའི་ཏང་ཡོན་ལས་བྱེད་པས་ཁུང་སོ་སོའི་ གྲོང་ཚོའི་ནང་དཀའ་དཔྱད་འབད་བརྩོན་གྱིས་ལས་དོན་ཡག་པོ་བསྒྲུབ་སྟེ་བྱས་རྗེས་ཐོན་ཡོད་ན། འགོ་ཁྲིད་ལས་བྱེད་ནང་གནས་སྤར་གསོ་སྐྱོང་བྱས་ཏེ་གཟེངས་བསྟོད་སྤྲོད་རྒྱུ་ཡིན་ལུགས་བཤད་འདུག དེ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་ད་རེས་སྲིད་འཛིན་གྲོང་ཚོ་ ༥༤༥༡ ནང་གུང་ཁྲན་ཏང་གི་རྩ་འཛུགས་གསར་འཛུགས་བྱས་པ་དེ་ཚོའི་ནང་བོད་ནང་འཚར་ལོངས་ བྱུང་བའི་ན་གཞོན་དང་། སློབ་གྲྭ་ཆེ་འབྲིང་ཁག་ནས་ཐོན་པའི་མི་གྲངས་ཁྲི་གཉིས་ཙམ་ལ་ལས་ཀ་བཀོད་སྒྲིག་ བྱས་ཏེ་ཁོང་ཚོ་ཏང་ནང་ཞུགས་བཅུག་པ་བརྒྱུད་ས་གནས་སོ་སོའི་ནང་གཞི་རིམ་ནས་འགོ་བཙུགས་བརྟན་ལྷིང་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་གྱི་མཚོན་པའི་ལས་དོན་ཡག་པོ་སྒྲུབ་མཁན་རྣམས་རིམ་པས་ཤང་གྲོང་ནས་རྫོང་གི་འགོ་ཁྲིད་ལས་གནས་སུ་གནས་སྤར་གསོ་སྐྱོང་བྱེད་རྒྱུ་བཤད་དེ་རིམ་པས་བོད་རིགས་ན་གཞོན་རྣམས་གུང་ཁྲན་ཏང་གི་དཔུང་རོགས་སུ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་བཅངས་ཡོད་པ་རེད།
༢༽ དོན་ཚན་བཞི་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། ག་རེ་བཤད་ཡོད་རེད་ཅེ་ན། དགོན་པ་ཁག་ནང་མུ་མཐུད་ཁྲིམས་ལུགས་ལྟར་དགོན་སྡེར་དོ་དམ་བྱེད་རྒྱུ་མ་ཟད། དཔེ་སྟོན་དགོན་པ་དང་རྒྱལ་གཅེས་ཆོས་བྱེད་ཀྱི་གྲྭ་བཙུན་ཞེས་དགོན་པའི་ནང་གུང་ཁྲན་ཏང་གི་ལག་ཆ་ཡིན་པའི་གྲྭ་བཙུན་ཁག་གཅིག་གསོ་ཉར་བྱས་ཏེ། ཁོང་ཚོ་བརྒྱུད་དགོན་པའི་ནང་གི་གྲྭ་བཙུན་དམངས་ཀྱི་ཆོས་དད་རང་དབང་དགོས་ཞེས་པའི་ཞི་བའི་སྐད་འབོད་བྱེད་མཁན་གྱི་གྲྭ་བཙུན་འགོག་ཐབས་བྱ་རྒྱུ་རེད། དེ་ལྟར་བྱུང་ན་གཞི་ནས་དགོན་པར་མོ་ཊའི་ལམ་དང། ཆུ་དང་གློག་འཁྲིད་རྒྱུ། དགོན་པའི་གྲྭ་བཙུན་ལ་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་བྱ་རྒྱུ་བཤད་དེ་དགོན་པའི་འཛིན་སྐྱོང་དབང་ཆ་གུང་ཁྲན་ཏང་གི་ལག་ཏུ་འཛིན་ནས་བོད་ཀྱི་དགོན་པ་གྲྭ་ཚང་ཁག་རང་དབང་གི་ཆོས་འཆད་ཉན་བྱེད་ས་ཞིག་ནས་གུང་ཁྲན་ཏང་གི་འདོད་པ་ལྟར་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་བྱེད་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་དང་ཕྱི་རྒྱལ་ལྟ་སྐོར་ཚོགས་པར་ཆོས་དད་རང་ དབང་ཡོད་སྐོར་མི་ལ་མགོ་སྐོར་གཏོང་མཁན་གྱི་ཆོས་འཆད་ཉན་མེད་ལ་འདུལ་ཁྲིམས་ཀྱང་ མེད་པའི་འགྲེམས་སྟོན་ཁང་ཞིག་ཏུ་གྱུར་རྒྱུ་རེད།
དེའི་སྐོར་དེ་སྔོན་བྱམ་པ་ ཕུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྙན་ཞུ་ཞིག་ནང་། ཕྱི་ལོ་ ༢༠༡༠ ནང་བོད་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དགོན་སྡེ་ཐོ་འགོད་དང༌། བླ་སྤྲུལ་གྲྭ་བཙུན་གྱི་འོས་འབབ་ཐོབ་ཐང་ཐོ་འགོད་སྙན་སེང་ལེགས་གྲུབ་ཟིན་ཡོད་ཅེས་བཤད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སྔ་ལོ་བོད་རང་སྐྱོང་ལྗོངས་ནང་གི་དགོན་སྡེ་ ༧༥ ལ་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་དང༌། དེའི་ནང་གཙོ་གནད་དགོན་སྡེ་ ༡༤ ནང་རྫོང་ཡན་གྱི་འགོ་ཁྲིད་ལས་བྱེད་ཀྱིས་དགོན་པར་བསྡད་དེ་དགོན་པའི་ལས་དོན་ལ་དོ་དམ་བྱེད་ཀྱི་ཡོད་ཅིང༌། གལ་གནད་ཆེ་བའི་རྫོང་ཁག ༧ ལ་ས་གནས་འགོ་ཁྲིད་རིམ་པའི་འགན་ཁུར་བ་གཅིག་གིས་ལྟ་སྐུལ་བྱེད་ཀྱི་ཡོད་ཅེས་ལས་སྡོམས་ཡིག་ཆའི་ནང་འཁོད་འདུག
༣༽ དོན་ཚན་བཞི་པའི་ནང་གསེས་དོན་ཚན་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་པའི་ དོན་ཚན་འདིའི་ནང༌། གཙོ་ཆེས་ཤོས་《ཆ་ཚང་ཁེབས་ཐུབ་པ་གཅིག་མངོན་གྱུར་བྱེད་དགོས་》ཞེས་བཤད་འདུག༌པ་དེ་ནི། རང་སྐྱོང་ལྗོངས་དང༌། ས་གནས་དང་གྲོང་ཁྱེར། རྫོང་ངམ་གྲོང་གདལ་དང་ཆུས། དེ་བཞིན་ཤང་གྲོང་བཅས་འཛིན་སྐྱོང་ས་གནས་རིམ་པ་བཞི་མཉམ་དུ་འགུལ་ནས་དེའི་ཐོག་ རྒྱ་ནག་དབུས་གཞུང་གི་བོད་སྡོད་ཚན་པ་དང་ཁེ་ལས་བྱ་གཞག་སྡེ་ཚན་དང་མཉམ་དུ་འཇོན་ཐང་ཡོད་པའི་ཏང་ཡོན་ལས་བྱེད་ ༼༢༡༠༠༠༽ ཉིས་ཁྲི་གཅིག་སྟོང་ཐམ་པ་བསྡུ་རུབ་བྱས་ཏེ་ལས་དོན་རུ་ཁག་ཟེར་བ་བཙུགས་ཏེ་བོད་ རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ནམ་འཛིན་སྐྱོང་འོག་ཚུད་པའི་གྲོང་ཚོ་ ༥༤༥༡ ལ་བཏང་སྟེ༌ས་གནས་སོ་སོར་བཅའ་སྡོད་བྱས་རྗེས་ཁོང་ཚོས་《ལས་འགན་ལྔ་》ཟེར་བ་ཞིག་བསྒྲུབ་དགོས་ཀྱི་ཡོད་ པ་རེད།
ལས་འགན་དང་པོ་དེ་གཞི་རིམ་ གྱི་ཏང་རྩ་འཛུགས་ཞེས་པའི་གྲོང་གསེབ་ནང་ཉུང་མཐར་མི་ལྔ་ལས་བསྒྲུབ་པའི་རྒྱ་ སྐད་ནང་ཏང་ཀྲེ་པུའུ་ཟེར་བའི་གུང་ཁྲན་དམར་ཤོག་ཚོགས་པའི་གཞི་རིམ་གྱི་རྩ་ འཛུགས་ཡན་ལག་འཛུགས་རོགས་བྱས་ཏེ། རིམ་པས་རྩ་འཛུགས་དེ་ཡར་རྒྱས་སྟོབས་ཆེ་རུ་བཏང་ནས་དེའི་འགོ་ཁྲིད་ཀྲེ་པུ་ཧྲུའ་ ཅི་དེས་གྲོང་གསེབ་ཀྱི་དབང་ཆ་ཆ་ཚང་བདག་ཏུ་བཟུང་ནས་ཁོང་ཚོའི་གྲོང་གསེབ་ནང་དུ་ གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་མེད་པ་སྲུང་སྐྱོང་བྱེད་རྒྱུའི་ལས་འགན་ བསྒྲུབ་དགོས་པ་རེད། ཁྲེན་ཆོན་གོའི་ལས་དོན་སྙན་ཞུའི་ནང་བཤད་པར་གཞིགས་ན། ད་ཕན་བོད་རང་སྐྱོང་ལྗོངས་ཁོངས་གཏོགས་བྱང་ཐང་དང་ལུང་ཁུག་ནང་ཡོད་པའི་ཞིང་ འབྲོག་གྲོང་ཚོ་ལྔ་བརྒྱའི་ནང་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་མེད་པ་རྣམས་ གསར་དུ་བཙུགས་ཏེ་ས་གནས་དེ་ཚོ༌《ཡོད་པ་དྲུག་》དགོས་ཀྱི་ཡོད་པ་བཤད་པ་དཔེར་ན། རྩ་འཛུགས་ཀྱི་སྒོ་བྱང་ཡོད་པ་དང༌། ལས་བྱ་ཡོད་པ། བྱེད་སྒོ་སྤེལ་ས་ཡོད་པ། འགྲོ་གྲོན་ཡོད་པ། ལམ་ལུགས་ཡོད་པ། བྱེད་སྒོའམ་ལས་འགུལ་ཡོད་པ་བཅས་རེད་འདུག
ལས་འགན་གཉིས་པ༌དང་གསུམ་པ་ ནི། ལས་དོན་རུ་ཁག་གིས་རང་ཉིད་འགན་ལེན་བཅའ་སྡོད་བྱེད་ཡུལ་གྱི་གྲོང་གསེབ་དེའི་ནང་ དབུལ་པོའི་ཁྱིམ་ཚང་ཡོད་པ་རྣམས་ལ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་རོགས་བྱས་ཏེ་ ཁོང་ཚོ་དབུལ་པོའི་གནས་ལས་གྲོལ་ཐབས་བྱ་རྒྱུ་དེ་ཡིན་ཞེས་བཤད་འདུག་ཀྱང༌། དོན་དངོས་ཐོག་བོད་ཀྱི་མི་འབོར་གྱི་བརྒྱ་ཆ་ ༨༠ ཡན་ཟིན་པའི་ཞིང་འབྲོག་མི་མང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་ཕྱི་ལོ་ ༢༠༠༥ ལོར་རྒྱ་སྒོར་ ༢༠༧༨ ཡིན་པ་ནས་ཕྱི་ལོ་ ༢༠༡༡ ནང་སྒོར་ ༤༡༣༩ འཕར་ཡོད་ཟེར་བཤད་འདུག་ཀྱང༌། དེས་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཡོང་འབབ་རྒྱ་སྒོར་ ༨༥༨༢ ལས་ལྡབ་གཉིས་ཙམ་གྱི་རྗེས་ལུས་ཐེབས་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ ལེགས་སུ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡིན་ཟེར་ཁ་མཁས་འདྲ་ཆགས་ཀྱིས་བཤད་ འདུག་ཀྱང༌། དོན་དངོས་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་སྐྱོབ་གསོ་ཁྲུའུ་ཡིས་གསལ་ བསྒྲགས་བྱས་པའི་བོད་ཀྱི་ཡོང་འབབ་རྒྱ་སྒོར་ ༡༤༥༠ ལས་ཉུང་བའི་གྲོང་གསེབ་གྲོང་མི་རྣམས་སྐྱོབ་གསོའི་འགན་ལེན་ཁུངས་སུ་བཅུག་ཡོད་ ཅེས་འཁོད་འདུག་པ་དེ་དག་མང་ཆེ་བ༌རྒས་ཡོལ་ཕྱིན་པའི་ལས་བཟོ་བ་དང༌། གྲོང་གསེབ་ཁུལ་གྱི་ཤང་གི་ལས་བྱེད་རྙིང་པ་སོགས་ལ་བློ་ཕམ་མ་བྱུང་བའི་ཆེད་དུ་ སྤྲོད་པ་ལས་དེ་བྱིངས་མང་ཚོགས་དབུལ་ཕོངས་རྣམས་དབུལ་སྐྱོར་གྱི་འགན་ལེན་མ་ལག་ དེའི་ནང་ཚུད་ཡོད་བཟོ་མི་འདུག
ལས་འགན་བཞི་པ་དང་ལྔ་པ་ནི། ཞིང་འབྲོག་མང་ཚོགས་ལ་གུང་ཁྲན་ཏང་གི་བཀྲིན་ཚོར་ཐུབ་པའི་སློབ་གསོ་གཏོང་བ་དང་ ཆབས་ཅིག་གྲོང་གསེབ་ནང་རླུང་འཕྲིན་དང་བརྙན་འཕྲིན་གསར་འཛུགས་བྱས་ཏེ་གུང་ཁྲན་ ཏང་གི་བོད་མི་མང་བཅིངས་བཀྲོལ་བཏང་ཚུལ་དང་ཡར་རྒྱས་བཏང་ཚུལ་ཕྱོགས་གཅིག་གི་ གནས་ཚུལ་ཁོ་ན་ཉན་འཇུག་པ་ལས་ཕྱིའི་གནས་ཚུལ་ཉན་ས་མེད་པ་བཟོས་ཏེ་གུང་ཁྲན་ཏང་ལ་ དགའ་ཞེན་བྱེད་པའི་ཐོག་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་བཟོས་པ་བརྒྱུད་ སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཁར་རྫོང་ཞེས་རྩ་བ་བརྟན་པོ་ཞིག་ འཛུགས་ཏེ་ད་ལྟའི་གུང་ཁྲན་ཏང་གི་དབང་བསྒྱུར་བརྟན་པོ་གནས་ཐབས་བྱེད་རྒྱུ་དེ་རེད།
མདོར་ན། བོད་ཀྱི་ཡུན་རིང་བདེ་འཇགས་སྲུང་སྐྱོབ་ཆེད་《ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏོར་བཤིག་གི་ལས་འགུལ་ལ་རྡུང་རྡེག་དང་སྔོན་འགོག་བྱས་ཏེ། ལྗོངས་ཡོངས་སུ་གཞི་རྩའི་ཐོག་མི་ཚང་མ་གསོ་པ་ཡིན་པ་དང། ཐོན་སྐྱེད་བྱེད་པ་ནི་ལས་འགན་སྒྲུབ་པ། ཕྱུགས་འཚོ་བ་ནི་སྐོར་གཡེང་བསྐྱོད་པ། གྲོང་ཚོ་ཚང་མ་མཁར་རྫོང་ཡིན་པ། གང་ས་གང་ལ་དོགས་གཟོན་བྱེད་པའི་ཏང་སྲིད་དམག་དང་ཉེན་རྟོག་པའི་སྐོར་སྲུང་དང་ མི་མང་ཟུང་འབྲེལ་གྱི་སྔོན་འགོག་དྲ་བ་ཞིག་ཆགས་ཟིན་ཡོད་》སྐོར་ཁོང་ཚོའི་དཔལ་འབྱོར་གོང་ འཕེལ་གཏོང་རྒྱུར་བརྟན་ལྷིང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པའི་དཔལ་ འབྱོར་ཚོགས་འདུའི་ནང་བྱམས་པ་ཕུན་ཚོགས་ཀྱིས་བཤད་འདུག
ད་རེས་ཁྲེན་ཆེན་གོ་ཡི་ལས་ དོན་སྙན་ཞུའི་ནང་། “རྒྱ་ནག་གི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་ འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུར་ འབད་ཐབས་བྱ་རྒྱུ་བཤད་དེ། དགོན་སྡེ་ཁག་ནང་གྲྭ་བཙུན་ཚོར་ཆུ་དང་གློག་འཐེན༌པ་དང་། རླུང་འཕྲིན་དང་བརྙན་འཕྲིན་འཁྲིད་པ། ད་དུང་རྒས་གསོ་དང་སྨན་བཅོས། མ་མཐའི་འཚོ་བའི་འགན་ལེན་བྱེད་རྒྱུ༌སོགས་དང་། ཞིང་འབྲོག་ཁུལ་དུ་དམངས་ཕྱུག་བོད་དར་གྱི་འཐབ་བྱུས་ལག་བསྟར་བྱེད་རྒྱུ་རྒྱན་ འཁྱོངས་ཀྱིས་ཕྱོགས་བཅུའི་ཐད་ཀྱི་བྱ་བ་དངོས་གཙོ་གནད་དུ་བཟུང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་ཞེས་དང་། “བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང། ལས་ཞུགས་མེད་པའི་ཁྱིམ་ཚང་འགྱུར་ལྡན་གྱི་མེད་པ་བཟོ་རྒྱུ། ལོ་རེའི་ནང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་ ༣༥ ཡན་ལས་ཞུགས་ཁ་སྒྱུར་ཐུབ་པ་བྱས་ནས་ལོ་ལྔ་ཚན་བཅུ་གཉིས་པའི་དུས་མཇུག་ཏུ་སླེབས་ སྐབས་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ་ ༢ ཡས་མས་སུ་ཚོད་འཛིན་བྱ་ཏེ་དུད་ཚང་ཚང་མར་ལས་ཞུགས་ཀྱི་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། དུས་རྒྱུན་དུ་ཡོང་འབབ་ཡོད་པ་བཅས་བཟོ་ཐུབ་པ་བྱེད་དགོས། ཞེས་ཧ་ལམ་ད་རེས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞི་འཇམ་དུ་བཏང་བའི་འཁྲུལ་སྣང་ཞིག་འཆར་སྲིད་པ་རེད།
འོན་ཀྱང་། ནན་བཤད་བྱེད་གོས་པ་ཞིག་ལ་ད་རེས་ཀྱི་རྒྱ་ནག་གཞུང་གི་སྲིད་བྱུས་དང་བྱ་ཐབས་དེ་ ཚོ་ཚོ་དང་། ད་ནས་ལོ་ ༣༠ གོང་གི་ཕྱི་ལོ་ ༡༩༨༠ ནས་ ༡༩༨༥ བར་ཧུ་ཡའོ་ཕང་གིས་རྒྱ་ནག་དབུས་གཞུང་གིས་ཐག་གཅོད་ དང་བྱ་ཐབས་སྤེལ་རྒྱུ་ཚང་མ་ཐོག་མར་བོད་ཀྱི་ལས་བྱེད་པ་དང་བོད་མི་དམངས་ཀྱིས་ སེམས་པ་རྣམ་དག་གིས་རྒྱབ་སྐྱོར་ཐོབ་དགོས། དེ་ལྟར་མ་བྱུང་ན། བཟོ་བཅོས་རྒྱག་དགོས་པ་འམ་ཡང་ན་ངང་རིང་གི་སྒུག་སྡོད་བྱེད་དགོས། རང་ཤེད་དང་ཕྱོགས་གཅིག་གི་དོད་པ། ཡང་ན་སྤྱིར་བཏང་གི་བྱེད་ཐབས། གྲི་གཅོད་པ་ནང་བཞིན་གྱི་འགོ་ཁྲིད་སྤྱོད་ཚུལ་དང་ལས་ཀའི་ཐབས་ཤེས་རྩ་བ་ནས་བྱེད་རྒྱུ་མེད་ཁར། ཧོད་རྒྱུགས་ཀྱི་ཐོག་དང་བཙན་ཤེད་ཀྱི་ཐོག་ནས་རྒྱ་ནག་ནང་ས་དང་རྒྱ་རིགས་ཀྱི་ལས་ ཀ་བྱེད་སྟངས་ཀྱི་ཉམས་མྱོང་སྤེལ་མི་ཆོག་ཅེས་དང་བསྡུར་ན། ད་ལྟའི་སྲིད་བྱུས་ནི་དཔལ་འབྱོར་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཅེས་ཁ་འཇམ་གཏིང་གནག་གི་སྲིད་བྱུས་ཤིག་འཛིན་ནས་དོན་དུ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་ ཆོས་དད་རང་དབང་དང༌། སྨྲ་བརྗོད་རང་དབང་སོགས་ཁྲིམས་མཐུན་ལུགས་མཐུན་གྱི་དབང་ཆ་བེད་སྤྱད་དེ་ཁོང་ ཚོར་དགེ་སྐྱོན་གསལ་སྟོན་བྱེད་མཁན་གྱི་སེར་སྐྱ་མི་མང་རྣམས་ལ་ཁ་བྲལ་གྱི་ཉེས་ པ་བཙུགས་ཏེ་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསལ་པོ་རེད།
(བོད་ནང་རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་བཤད་ཀྱང་དོན་དུ་དེ་སྔ་ལས་ལྷག་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་པ།) བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
གསར་གནས།
འབྲེལ་གནས།