༢༠༡༡ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་བཞིའི་གཞུང་འབྲེལ་ལས་དོན་ཕྱོགས་བསྐྱོད་དུ་ཕེབས་ཡོད། དེ་ཡང་བཀའ་ཁྲི་མཆོག་གནམ་ཐང་དུ་འབྱོར་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་དང་ཊོ་ཌི་སེ་ཊེན་ལགས། དེ་བཞིན་ཝ་ཤིང་ཊོན་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌི་ཡན་ནེ་ཕ་ཡིན་སི་ཊེན་མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱང་མཉམ་ཞུགས་གནང་ཡོད།
སྐབས་དེར་ལྕམ་སྐུ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་སྔར་བཞིན་གནང་རྒྱུའི་ཆོད་སེམས་བཅང་ཡོད་སྐོར་སོགས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་ལྷུག་པོ་བྱུང་ཡོད།
ལྕམ་སྐུ་ཌི་ཡན་ནེ་ཕ་ཡིན་སི་ཊེན་མཆོག་ནི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་མི་རྒན་གྲས་ཤིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་བོད་མི་དང་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་བོད་མིའི་གྲོགས་པོ་རྙིང་ཤོས་ཤིག་ཡིན། ཁོང་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡ་ནས་ཡིན་འདུག ལྕམ་སྐུ་མཆོག་གིས་བོད་ཀྱི་སྲིད་བྱུས་ལས་འཆར་(Tibet Policy Act)ཞེས་པ་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཚན་པས་གཞུང་འབྲེལ་ལས་གཞིའི་ངོ་བོའི་ཐོག་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་གཟིགས་རྟོག་གནང་རྒྱུའི་སྲིད་བྱུས་གཏན་འབེབས་ཐུབ་ཡོད་པར་བརྟེན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ཚན་པས་གཙོས་ཨ་རིའི་གཞུང་གིས་བོད་དོན་ལ་ཐད་ཀར་རྒྱབ་སྐྱོར་གནང་རྒྱུའི་གཞུང་འབྲེལ་བརྒྱུད་ལམ་སྲ་བརྟན་ཞིག་བསྐྲུན་ཐུབ་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དེ་བཞིན་༸གོང་ས་མཆོག་ལ་འབུལ་དགོས་པའི་གྲོས་ཆོད་འདོན་མཁན་གྱིས་གྲས་ཀྱང་ཡིན་འདུག་པ་བཅས།།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌི་ཡན་ནེ་ཕ་ཡིན་སི་ཊེན་མཆོག་དང་མཇལ་འཕྲད་གནང་བ།
གསར་གནས།
འབྲེལ་གནས།