༢༠༡༡ ཟླ་ ༡༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ ཉིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་སི་ཀོ་ཊི་ལན་ཌིའི་སེན་ཨན་དི་རིའོ་གཙུག་ལག་སློབ་ཁང་ (University of St.Andrews) གི་ཆོས་ལུགས་དང་ཆབ་སྲིད་སྡེ་ཚན་ (Centre for the study of Religion and politics) ནས་མགྲོན་འབོད་ལྟར་ཕེབས་ཏེ་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་དང་ཆོས་ལུགས་མཐུན་སྒྲིལ་སྐོར་སོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གཉིས་ཀྱི་སྐོར་གསུངས་པ་མ་ཟད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་གསོལ་རས་སྩལ་བ་ནས་བཟུང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནས་སྟངས་ཐོག་འཕོ་འགྱུར་འགྲོ་ཚུལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཐོབ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ཐོག་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་ཡོང་རྒྱུའི་འབད་བརྩོན་བྱེད་མུས་ཡིན།
འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོས་རང་བཙན་རྩོད་ཀྱི་འདུག་ཟེར་ནས་ཡང་སེ་སྐྱོན་བརྗོད་བྱས་པ་དེ་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་རྩ་བ་ནས་མིན་སྐོར་སོགས་གསལ་བཤད་གནང་ཡོད་པ་མ་ཟད། འདི་ལོ་ཕྱི་ཟླ་ ༣ ནས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་མཐར་འ་ཆད་འུ་ཐུག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་སྐོར་སོགས་གསུངས་ཡོད།
སེན་ཨན་དི་རིའོ་གཙུག་ལག་སློབ་ཁང་ (University of St.Andrews) གི་ཆོས་ལུགས་དང་ཆབ་སྲིད་སྡེ་ཚན་གྱིས་ཕྱི་ལོ་ ༡༣༩༡ ནས་ ༢༠༠༦ བར་གྱི་བོད་ཀྱི་རྒྱལ་རབས་ཐོག་ཉམས་ཞིབ་གནང་མུས་ཡིན་འདུག ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་གྲོང་ཁྱེར་ཨེ་དིན་བྷ་རག་ (Edinburgh) ནང་ཨ་ཝིན་སིའི་སློབ་གྲྭ་ཆེ་བའི་སློབ་མ་གཞོན་སྐྱེས་ལོ་ན་ ༡༥ ནས་ ༡༧ སོན་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་ལྟར་དུས་རབས་ ༢༡ པ་འདི་བཟང་ངན་ཇི་འདྲ་བསྐྲུན་མིན་དེ་ད་ལྟའི་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པར་བརྟེན། དུས་རབས་འདིའི་ནང་ཕན་ཚུན་མི་མཐུན་པའི་དཀའ་ངལ་རྣམས་གྲོས་མོལ་ཐོག་སེལ་ཏེ་འཚེ་མེད་ཞི་བདེའི་དུས་རབས་ཤིག་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས། གཞན་ཡང་སྐབས་དེར་ཁོང་གིས་བོད་ཀྱི་གནད་དོན་དང་བོད་མི་ཚོའི་འཐབ་རྩོད་དེར་གཞོན་སྐྱེས་ཚོས་རང་ནུས་གང་ཐུབ་ཀྱིས་རྒྱབ་སྐྱོར་ཇི་འདྲ་གནང་ཐུབ་མིན་སོགས་གསལ་བཤད་གནང་རྗེས་གཞོན་སྐྱེས་ཚོའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།