༢༠༡༡ ཟ་ ༡༡ ཚེས ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཀིརྟི་དགོན་པའི་དགོན་བདག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Human Rights in China ཞེས་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གོ་སྒྲིག་ཞུས་པ་ལྟར། ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ་དེང་དུས་བརྙན་འཕྲིན་དྲྭ་ལམ་བརྒྱུད་རྒྱ་ནག་པེ་ཅིང་དང་། ཧྲང་ཧད། ཧོང་ཀོང་བཅས་སུ་ཡོད་པའི་ཕྱི་རྒྱལ་གསར་ཁང་ཆེ་ཁག་གི་གསར་འགོད་པ་རྣམས་ལ་བར་ལམ་བོད་མདོ་མདོ་སྨད་རྔ་པ་སོགས་ས་ཁུལ་དུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་ལམ་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བསྟུད་མར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་སོགས་སྔ་ཕྱིའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་བར། The Guardian དང། The Financial Times, Wall Street Journal, BBC News, South China Morning Post, The New York Times – Asia Pacific, The New York Times – NYC བཅས་གསར་ཤོག་དང་དྲྭ་རྒྱ་ཁག་གིས་དོ་སྣང་ཆེན་པོ་བྱས་འདུག Human Rights in China ཞེས་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་རྒྱ་རིགས་ལྕམ་ཤལ་རོན་ཧུམ་གྱིས་ཁོང་ཚོའི་ཚོགས་པས་རྒྱ་ནག་ནང་རྒྱུན་སྡོད་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གི་གསར་འགོད་པ་དང་མཉམ་དུ་བརྙན་འཕྲིན་དྲྭ་ལམ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་སྐོར་གནས་ཚུལ་ངོ་སྤྲོད་བྱས་པ་ད་རེས་ཐེངས་དང་པོ་ཡིན་ཞེས་དོན་ཁང་ལ་གསུངས་ཡོད།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་འདི་ཚེས་ ༡༦ ཉིན་རྒྱབ་རང་དབང་གི་རྩོམ་པ་པོ་རྒྱ་རིགས་ལི་ཅང་ལིན་གྱི་དམིགས་བསལ་བཅར་འདྲིར་དང་ལེན་གནང་སྟེ་ཕྱི་ལོ་ ༡༩༣༥ ཙམ་ནས་ ༢༠༠༨ བར་གྱི་མདོ་སྨད་རྔ་བ་ཁུལ་གྱི་གཙོས། ཀིརྟི་དགོན་པའི་གནས་སྟངས་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ནས་འདི་ལོ་ཕྱི་ཟླ་ ༣ བར་གྱི་གནས་སྟངས། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༣ ནས་ད་ལྟ་བར་གྱི་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་ཞིང་། ཡིག་འབྲུ་ལྔ་སྟོང་ཙམ་གྱི་བཅར་འདྲིའི་རྩོམ་ཡིག་ཅིག་གང་མགྱོགས་རྒྱ་ཡིག་གི་དུས་དེབ་དང་། དྲྭ་རྒྱ་ཆེ་ཁག་ནང་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད། ཀིརྟི་རིན་པོ་ཆེས་རྒྱ་ནག་ནང་རྒྱུན་སྡོད་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གི་གསར་འགོད་པ་ཚོ་དང་མཉམ་དུ་དྲི་བ་དྲིས་ལན་གནང་སྐབས་ཁོང་ཚོས་བོད་དོན་ལ་དོ་སྣང་ཡོད་པའི་རྣམ་པ་གསལ་པོ་ཡོད་པ་དང་། དྲྭ་ལམ་གྱི་གླེང་སྟེགས་འདི་བརྒྱུད་རྒྱ་མི་རིགས་ཚོས་གནས་ཚུལ་དངོས་ཤེས་རྟོགས་བྱེད་རྒྱུར་གོ་སྐབས་ཡག་པོ་ཞིག་བསྐྲུན་ཐུབ་ཡོད་པའི་ངོས་འཛིན་གནང་ཡོད། ཀིརྟི་རིན་པོ་ཆེ་མཆོག་ནི་བཀའ་ཤག་གི་བཀའ་འབྲེལ་ལྟར་ཕྱི་ཟླ་ ༡༡ ཚེས་ཤར་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རི་གཞུང་དང་། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཚོར་ཨ་མདོ་རྔ་པ་ཁུལ་གཙོ་བོར་གྱུར་བའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་སྒོ་ཁག་གྲུབ་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕེབས་ཡོད་པ་བཅས།།