༢༠༡༡ ཟླ་ ༡༡ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་བསྟུན། འདི་ལོ་ཆུ་ལོག་གི་གོ་གོད་ཆག་ཚབས་ཆེ་ཕོག་པའི་གྲོང་ཁྱེར་སན་ཌའི་རུ་ཆིབས་སྒྱུར་བསྐྱངས། སྐབས་དེར་སན་ཌའི་ཨི་ཤི་ནོ་མ་ཀི་ཞེས་པའི་ནང་པའི་མཐུན་ཚོགས་དང་སན་ཌའི་གསར་འགོད་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། གསར་འགོད་ལྷན་ཚོགས་དེའི་སྐབས་གསར་འགོད་པ་ཞིག་གིས་ཉེ་ལམ་བོད་ནང་བོད་མི་ཚོས་རང་ལུས་མེར་བཏང་བའི་དོན་རྐྱེན་སྐོར་གྱི་དྲི་བ་ཕུལ་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། འདི་ལོ་ཕྱི་ཟླ་ ༣ ནས་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ཡོད། དེར་བརྟེན་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་ཁོང་ལ་དྲིས་ན་ལེགས། འོན་ཀྱང་ངོས་རང་ད་ཆ་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བརྗོད་ན། གནས་ཚུལ་དེ་དག་ཧ་ཅང་བློ་ཕམ་ཆེན་པོ་རེད། པེ་ཅིང་དུ་ཡོད་པའི་རྒྱ་ནག་དཔོན་རིགས་རྣམས་ཀྱིས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་གཙོ་བོ་དེ་སེལ་ཐབས་བྱེད་དགོས། བོད་མིས་ཚོ་དཀའ་ངལ་འོག་འུ་ཐུག་ཐབས་ཟད་དུ་གྱུར་བར་བརྟེན།བྱ་སྤྱོད་དེ་འདྲ་ཞིག་སྤེལ་དགོས་ཐུག་པ་ལས་གཞན་མི་སུས་ཀྱང་དེ་འདྲ་བྱེད་སྲིད།
ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གི་གུང་དུང་(Guangdong)གྲོང་ཁྱེར་དུ་ཏང་གི་འགོ་ཁྲིད་རྒན་གྲས་ཤིག་གིས་གུང་ཁྲན་ཏང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་པ་བརྗོད་ཡོད། ལངས་ཕྱོགས་དེ་འོས་འཚམ་ལྡན་པ་ཞིག་དང་དངོས་ཡོད་ཚན་རིག་དང་མཐུན་པའི་ལངས་ཕྱོགས་ཤིག་ཡིན། ད་ཆ་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབ་ཡོད། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པ་འོས་མང་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་ཤིག་ལ་རྒྱ་ནག་ནང་ཆབ་སྲིད་ཀྱི་བསྒྱུར་བཅོས་བཏང་སྟེ་ནུབ་ཕྱོགས་མང་གཙོའི་ལམ་ལུགས་ལག་བསྟར་དགོས་སྐོར་བརྗོད་ཡོད། གནད་དོན་དེའི་ཐོག་རྒྱ་ནག་དཔོན་རིགས་ཚོས་བསམ་ཞིབ་ནན་པོ་བྱེད་དགོས། དྲག་ཤུགས་བེད་སྤྱོད་བྱ་རྒྱུའི་དུས་ཚོད་ཡོལ་ཟིན། དྲག་པོའི་སྲིད་བྱུས་དེས་ཕན་ལས་གནོད་ཆེ་བ་ཡོད་པར་བརྟེན། དྲག་ཤུགས་འོག་ཆིག་སྒྲིལ་དང་བརྟན་ལྷིང་གི་སྤྱི་ཚོགས་ཤིག་ནམ་ཡང་བསྐྲུན་མི་ཐུབ། ཅེས་བཀའ་ལན་སྩལ།
ཡང་ཨི་ཊཱ་ལིའི་གསར་འགོད་པ་ཞིག་གིས་དེ་སྔ་ཝི་ཏི་ནམ་ནང་པའི་དགེ་སློང་གིས་རང་ལུས་མེར་སྲེག་གཏོང་སྐབས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་ཐེངས་འདིར་བོད་མི་ཚོར་དོ་སྣང་དེ་ཙམ་མ་བྱས་པའི་རྒྱུ་མཚན་ཇི་ཡིན་གྱི་དྲི་བ་ཕུལ་བར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེར་རྒྱུ་མཚན་མང་པོ་ཡོད་ཆོག འོན་ཀྱང་བོད་ནང་རང་ལུས་མེར་སྲེག་བཏང་བའི་སྐོར་གསར་འགྱུར་བརྒྱུད་ལམ་ནང་མང་པོ་ཐོན་ཡོད། བོད་ནང་བོད་མི་ཚོའི་དཀའ་ངལ་ལ་རྒྱ་ནག་མི་མང་གིས་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༧༠ དང་ ༡༩༨༠ ལོའི་ནང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་སྐབས་ནུབ་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲིལ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ཨེ་ཤི་ཡའི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་སྐབས་འདིར་ཡང་དེ་མཚུངས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་དབྱེ་འབྱེད་བྱ་རྒྱུའི་གཞི་རྩ་གང་ཡང་མེད། ཅེས་བཀའ་ལན་སྩལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པའི་ཉི་ཧོང་གི་གྲོང་ཁྱེར་སན་ཌའི་ནང་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།