༢༠༡༡ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༤ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་ཐོག་འཕྲོད་བསྟེན་ཡལ་ལག་ས་གནས་ཀྱི་སྨན་ཞབས་པ་ཁག་གཅིག་ལ་འཕྲོད་བསྟེན་གྲངས་ཐོ་ལས་གཞིའི་གློག་ཀླད་དང་ཞིབ་སྦྱོང་གི་ཟབ་སྦྱོང་དབུ་འཛུགས་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས། ཟབ་ཁྲིད་པ་ཨོ་སི་ཊོ་ལི་ཡ་ནས་ཡིན་པ་( Nigel Griffiths)ལགས། ཨ་རིའི་ཇོན་ཧོབ་ཀིང་གཙུག་ལག་སློབ་ཁང་གི་(Dr. Alex Vu Dr. Keimanh Pham)ལགས། དེ་བཞིན་གཞིས་ཆགས་ཁག་གི་འཕྲོད་བསྟེན་ཡན་ལག་སྨན་ཁང་ས་གནས་ཁག་གཅིག་ནས་ཕེབས་པའི་ཟབ་སྦྱོང་བ་སྨན་ཞབས་རྣམ་པ། འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་བཅས་ལྷན་འཛོམས་ཐོག་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱིས་ངོ་སྤྲོད་གསུང་བཤད་གྲུབ་བསྟུན་འཕྲོད་བསྟེན་བཀའ་བློན་མཆོག་དབུ་འབྱེད་གསུང་བཤད་གནང་བའི་སྙིང་དོན། འཕྲོད་བསྟེན་གྲངས་ཐོའི་ལས་གཞི་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་སྲིད་བྱུས་འཛིན་སྟངས་གསལ་སྟོན་བྱ་རྒྱུའི་རྨང་གཞི་ཙམ་མ་ཟད། མ་འོངས་པར་འཕྲོད་བསྟེན་ལས་གཞིའི་གཏན་འབེབས་ཀྱི་གཞི་འཛིན་ས་ཞིག་དང་། ནད་གཞི་སྔོན་འགོག་གི་ལས་འཆར་སོགས་ལ་གྲངས་ཐོའི་ལམ་ནས་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་ཡིན་པར་བརྟེན། འཕྲོད་ལས་རྣམ་པའི་སྦྱང་ཚད་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་ཐུགས་འགན་ཆེ་ཙམ་བཞེས་དགོས། དེ་བཞིན་གྲངས་ཐོའི་ལས་གཞིའི་དེ་དག་ཚགས་ཚུད་མེད་པ་ཡིན་ན་ཕྱི་རྒྱལ་རོགས་ཚོགས་རག་རྒྱུ་ཡང་དཀའ་ངལ་ཡོད་པ་སོགས་ཀྱི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ། ད་ཐེངས་ཟབ་ཁྲིད་ཁྱད་ལས་པ་གསུམ་ནས་ཉིན་གཉིས་རིང་ཟབ་སྦྱོང་ཐོག་བོད་འདུ་སྡོད་གཞིས་ཆགས་བདེ་སྐྱིད་གླིང་དང་། མོན་གྷོ། ཀོ་ལེ་གྷལ། ཨོ་རི་ས། མེའོ། བྷན་དྷ་ར། སྦིར། ལྡི་ལི། ལ་དྭགས། མན་སྤར། སྤོན་ཊ། ཧོན་སུར། ར་ཝང་ལ། སུ་ནཱ་དཱ། ཏི་ཇུ། སྦེལ་ཀོབ། བསྟན་སྒང་བཅས་ཀྱི་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་གི་སྨན་ཞབས་པ་རྣམས་མཉམ་ཞུགས་བྱས་ཡོད་འདུག་པ་བཅས། །
འཕྲོད་བསྟེན་གྲངས་ཐོ་ལས་གཞིའི་གློག་ཀླད་དང་ཞིབ་སྦྱོང་གི་ཟབ་སྦྱོང་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།