༢༠༡༡ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༧ ནས་ ༢༥ བར་ཉིན་དགུའི་རིང་གཏན་ཉིན་སློབ་གྲྭ་ཁག་གི་བོད་དགེ་རྣམས་ལ་བོད་ཡིག་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་ཞིག་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་སློབ་ཁག་བཅོ་ལྔ་ནས་མཐོ་རིམ་བོད་དགེ་གྲངས་ ༡༦ མཉམ་ཞུགས་གནང་ཡོད་པ་དང་། ཐོག་མར་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་མཐོ་རིམ་བོད་དགེ་རྣམས་སློབ་ཁག་སོ་སོའི་བོད་ཀྱི་སྐད་ཡིག་སྡེ་ཚན་གྱི་འགན་འཁྱེར་བཞིན་ཡོད་པར་བརྟེན། སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་གནས་ཚད་གོང་མཐོར་གཏོང་ཐབས་ཐད་གལ་འགངས་ཆེ་ཤོས་ཆགས་ཡོད་པ་དང་། མཐོ་རིམ་བོད་དགེ་རྣམས་སློབ་གྲྭ་ཁག་གང་དང་གང་ནས་ཡིན་པ་དེ་དང་དེའི་བསམ་བློའི་ཁ་ལོ་སྒྱུར་མཁན་ལྟ་བུ་ཆགས་ཡོད་པར་བརྟེན། སློབ་ཕྲུག་གི་ཤེས་ཡོན་ལས་འཆར་སྤྱི་དང་ལྷག་པར་དུ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་རྒྱུའི་ཐད་འགན་རྐང་ལེན་གནང་ཐབས་དགོས་སྐོར་དང། གཞན་ཡང་སློབ་གྲྭ་ཁག་གི་བོད་ཡིག་འབྲི་རྩལ་དང་ཀློག་རྩལ་གོང་མཐོར་གཏོང་ཐབས་ཐད་ཐུགས་འགན་བཞེས་གནང་དགོས་པའི་རེ་སྐུལ་དང་སྦྲགས་ཟབ་སྦྱོང་གི་དགོས་དམིགས་དང་ལས་འཆར་ཁག་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་དབུ་འབྱེད་གསུང་བཤད་དུ་དགེ་རྒན་སོ་སོ་དང་སློབ་གྲྭ ཤེས་རིག་ལས་ཁུངས་བཅས་ནས་བོད་ཀྱི་སྐད་ཡིག་ཁྲིད་ཐབས་དེང་རབས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ཐོག་ཞིབ་འཇུག་དང་གསར་གཏོད། ལྷག་པར་བོད་ཀྱི་གདན་ས་ཁག་ཏུ་ཕྱག་ལེན་དུ་ཡོད་པ་ཚིག་འགྲེལ། དོན་འགྲེལ། དཀའ་འགྲེལ། གཞན་ཡང་རིགས་ལམ་སློབ་ཁྲིད་སྐབས་ཐོག་མར་ཁ་ལབ་དང་དེ་ནས་དོན་གནད་རེ་རེ་བཞིན་ར་འཕྲོད་ཐབས་ཀྱི་སྒོ་ནས་སློབ་ཁྲིད་ལས་འཆར་སྤེལ་བཞིན་པར་ཐུགས་ཞིབ་ཉམས་ལེན་ཐོག་འཁྲིད་བྱའི་སློབ་ཚན་རྣམས་རྒྱུན་ལྡན་སློབ་མ་སོ་སོའི་མི་ཚེ་དང་ཉམས་ཚོར་འབྲེལ་ནས་སློབ་ཁྲིད་གནང་བ་ཡིན་ན་གནད་དུ་སྨིན་པ་དང་དོན་འབྲས་ཆེ་བ་ཡོང་ངེས་དང་། ལྷག་པར་དགེ་རྒན་རྣམས་ནས་སློབ་མ་སོ་སོའི་ཁམས་དང་མོས་པར་གཞིགས་པའི་སློབ་ཁྲིད་ཐབས་ལམ་སྣ་ཚོགས་སྤེལ་ཐབས་དང་། དགེ་རྒན་ནང་ཁུལ་གོ་བསྡུར་སྦྱངས་བཤད། བགྲོ་གླེང་སོགས་རབ་དང་རིམ་པ་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་། དེ་ནས་དྲུང་ལས་སྐལ་བཟང་རིན་ཆེན་ལགས་ཀྱིས་འབྲེལ་ཡོད་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་ལས་དོན་ཐད་ཝར་ཎ་མཐོ་སློབ་ཀྱི་འབྲེལ་མཐུད་ཌོག་ཌར་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་གནང་བཞིན་ཡོད། ཟབ་སྦྱོང་རིང་བོད་ཀྱི་དཔེ་མཛོད་ཁང་གི་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་ཐོག་དོགས་འདྲི་དང་བགྲོ་གླེང་། སེངྒ་ལའི་ལོ་རྒྱུས་སྐོར། ཝར་ཎ་མཐོ་སློབ་ཀྱི་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་བོད་ཀྱི་རིག་གནས་དར་ཚུལ་སྐོར། རིག་གནས་སློབ་དཔོན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྙན་ངག་འཁྲིད་ཐབས། སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་བརྡ་སྤྲོད་ཁྲིད་ཐབས། སློབ་དཔོན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་ནང་ཆོས་ཁྲིད་ཐབས། ཉམས་ཞིབ་པ་ཨ་འཁོར་བཟོད་པ་ལགས་ཀྱིས་རྩོམ་རིག་ཁྲིད་ཐབས། གཞན་ཡང་ཟབ་སྦྱོང་པ་ནང་ཁུལ་ཉམས་མྱོང་བརྗེ་རེས་ཚོགས་ཐེངས་ ༨ དང་ཤེས་ཡོན་ལྟ་སྐོར་བཅས་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་བཅས།།