༢༠༡༡ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇམ་མུའི་ཨཀ་ནུར་གྲོང་སྡེའི་སློབ་འབྲིང་གི་ཐང་ཆེན་དུ་སློབ་ཕྲུག་དང་མི་མང་སོགས་ཁྱོན་མི་གྲངས་ ༡༥༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆེད་མངག་འཛོམས་པའི་ཆོས་གྲོགས་ཕོ་མོ་ལྷན་རྒྱས་དང་། དེ་བཞིན་ས་གནས་ཀྱི་བློན་ཆེན་ཁག གྲོས་ཚོགས་ཀྱི་འཐུས་མི། དེ་མིན་ས་གནས་ཀྱི་ཞི་དྲག་ལས་བྱེད་ཁྱེད་ཚང་མར་སྔོན་ལ་ངོས་རང་དེ་རིང་འདིར་ཁྱུག་ཙམ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། འདི་གར་སྣེ་ལེན་དང་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་གི་ཡིན་། འདི་གའི་ས་གནས་ཀྱི་མང་ཚོགས་དང་དེ་བཞིན་གཡས་གཡོན་གྱི་ས་ཆ་གང་ཙམ་རྒྱང་རིང་པོ་ཡོད་མཁན་ཚོ་ཡང་ཆེད་མངག་དེ་རིང་འདིར་འབྱོར་ཡོད་པ་འདྲ། གཞན་ཡང་ལ་དྭགས་ས་ཁུལ་ནས་སློབ་ཕྲུག་སོགས་གང་ཙམ་ཞིག་འདིར་ཕེབས་ཡོད་པ་འདྲ། ཁྱེད་རང་ཚོས་འདི་གར་ངོས་རང་ཐུག་པར་ཡོང་བར་ཧ་ཅང་དགའ་པོ་བྱུང་། ངོས་ལ་དམིགས་བསལ་དགའ་བསུ་གནང་བར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཁྱེད་རང་ཚོ་དེ་རིང་སྔ་དྲོ་ནས་འདི་གར་འཛོམས་ནས་སྒུག་བསྡད་པ་དེ་ནི་དོན་གཉེར་ཆེན་པོ་བྱས་པའི་རྟགས་རེད། དེར་བརྟེན་ཁྱེད་ཚོས་དོན་གཉེར་ཆེན་པོ་བྱས་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། དེ་རིང་ས་ཆ་འདིར་སྔ་མོ་ནང་པ་སངས་རྒྱས་ཀྱི་ཆོས་དར་རྒྱས་བྱུང་བའི་ས་ཁུལ་ཞིག་ཆགས་ཡོད། ད་གིན་འགྲེམས་སྟོན་ནང་འགྲོ་སྐབས་གནའ་རབས་ཀྱི་གཙུག་ལག་ཁང་གི་གྱང་ཤུལ་དེ་དག་ཀྱང་མཐོང་བྱུང་བས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་བྱུང་། དགའ་རྒྱུ་ནི་སྔ་མོ་སངས་རྒྱས་ཀྱི་ཆོས་དར་ནས་ཡོད་པའི་གནའ་ཤུལ་དེ་དག་ལ་དོ་སྣང་གསར་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་དེས་དགའ་ཚོར་སྐྱེ་རྒྱུ་ཞིག་དང་། ཡང་ཕྱོགས་གཅིག་ནས་གདུལ་བྱའི་ཆོས་གང་དང་གང་ཡིན་རུང་འགྱུར་བ་དང་འཇིགས་འགྲོ་གི་ཡོད། སངས་རྒྱས་ཀྱི་བསྟན་པ་ཡིན་རུང་ག་ལེར་ག་ལེར་འཇིགས་འགྲོ་རྒྱུ་ཞིག་ཡིན་པ་དེའི་བསམ་ཚུལ་དྲན་ནས་གང་ལྟར་དགའ་སྐྱོ་ཟུང་འབྲེལ་ལྟ་བུ་བྱུང་། འདི་གར་ནང་པའི་གནས་ཐོག་མར་རྙེད་མཁན་དེ་དང་བར་སྐབས་དེའི་ཐོག་དམིགས་བསལ་གྱི་ཐུགས་སྣང་གནང་མཁན་ཚོས་མུ་མཐུད་ནས་ས་ཆ་སྔོག་རྒྱུ་དང་ཅ་དངོས་སྒྲིག་ཤོམ་གནང་རྒྱུ་དེ་དག་ཧ་ཅང་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ཡང་དེའི་གཡས་གཡོན་ལ་སྟབས་མ་བདེ་བ་གང་ཡང་མེད་ན། མུ་མཐུད་ནས་ཕྲན་བུ་གནའ་ཤུལ་ག་རེ་ག་རེ་ཡོད་མེད་ཞིབ་འཇུག་རྒྱ་ཆེ་ཙམ་ཞིག་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོང་གི་རེད། གོང་དུ་བློན་ཆེན་གྱིས་གསུངས་པ་ལྟར། ས་ཁུལ་འདི་ནས་ནང་པའི་གནས་ཤིག་རྙེད་ཡོང་གི་ཡོད། དེ་བཞིན་འདི་གར་ཧིན་ཌུ་དང་སིཀ་གི་ལྷ་ཁང་གལ་ཆེ་བ་ཞིག་ཡོད། དེ་དང་དེ་མཚུངས་ཧ་ལམ་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་བརྒྱུད་མང་པོ་ཞིག་གི་གནས་ལྟ་བུ་ཆགས་ཡོད། དེས་རྒྱ་གར་འཕགས་པའི་ཡུལ་འདི་ལོ་ངོ་སྟོང་ཕྲག་གི་རིང་ལ་ས་གནས་རང་ནས་སྐྱེས་པའི་ཆོས་བརྒྱུད་ཁག་དང་། ཡང་འཛམ་གླིང་ཕྱི་ནས་ཡོང་བའི་ཆོས་བརྒྱུད་ཁག་བཅས་ཧ་ལམ་འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་གཙོ་བོ་ཆེ་བ་ཚང་མ་ལུང་པའི་འདིའི་ནང་ཡོད་པ་ཙམ་དུ་མ་ཟད། ཚང་མ་གཅིག་གིས་གཅིག་ལ་མཐུན་སྒྲིལ་ཐོག་གནས་ཡོད། དེ་ཡང་ཆུང་བྱིས་པའི་སྐབས་ནས་སེམས་ནང་འཛམ་གླིང་འདིའི་ནང་ཆོས་ལུགས་མང་པོ་ཡོད་པ་ཞིག་བློ་ལ་ཤར་གྱི་ཡོད་པ་ལྟ་བུ་རེད། དེ་ལྟ་བུས་རྐྱེན་པས་ཆོས་ལུགས་མཐུན་སྒྲིལ་དེ་ཡང་ཧ་ལམ་འཛམ་གླིང་འདིའི་སྟེང་རྒྱ་གར་འདི་ཁྱད་དུ་འཕགས་པ་ཞིག་རེད་འདུག དེར་བརྟེན་འཛམ་གླིང་འདིའི་སྟེང་ས་གནས་ཁག་འགའ་ཤས་ལ་གང་ལྟར་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གཅིག་གིས་གཅིག་ལ་དཀའ་ངལ་འཕྲད་པ་དེ་འདྲ་ཡོང་གི་འདུག དཔེར་ན། ངོས་རང་(Northern Island)ཞེས་པར་ཚར་ཁ་ཤས་སླེབས་པ་རེད། ཡི་ཤུ་སྟོན་པ་གཅིག་གི་རྗེས་འབྲངས་གཅིག་གྱུར་ལ་(Catholic དང་ Protestant)གཅིག་གིས་གཅིག་ལ་འགལ་ཟླ་ལྟ་བུ་བརྩིས་ཏེ་འཁྲུག་པ་རྒྱག་རྒྱུ་དེ་འདྲ་ཡོང་གི་འདུག དེ་ལྟ་བུའི་གནས་ཚུལ་མཐོང་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་ལོ་ངོ་སྟོང་ཕྲག་རིང་ལ་ཆོས་ལུགས་མང་པོ་དེ་དག་ཕྲན་བུ་རྙོག་གྲ་ཡོང་སྲིད། ལུང་པ་ཆེན་པོ་དང་མི་མང་པོ་རེད། སྤྱི་ཡོངས་ཀྱི་ཐོག་ནས་བལྟས་ན། དངོས་གནས་དྲང་གནས་ཀྱི་ཆོས་ལུགས་མི་འདྲ་བ་དེ་དག་ཆོས་ལུགས་ཀྱི་སྤུན་ཟླ་བཞིན་གནས་ཡོད་པ་དེ་ནི་ངོ་མཚར་ཆེན་པོ་ཞིག་ཡིན་པ་གཞི་ནས་མཐོང་ཡོང་གི་འདུག ངོས་རང་ལ་རྒྱ་གར་གྱི་གྲོགས་པོ་ཞིག་ཡོད། ཁོང་གིས་རྒྱ་གར་དུ་ལོ་སྟོང་ཕྲག་རིང་ལ་གྲུབ་མཐའ་མི་འདྲ་བ་ཚོས་གྲུབ་མཐའི་ཐོག་ནས་ཕན་ཚུན་རྩོད་པ་ཤུགས་ཆེན་པོ་རྩོད་ཀྱི་རེད། འོན་ཀྱང་གྲུབ་མཐའ་མི་འདྲ་བ་འཛིན་མཁན་གྱི་གང་ཟག་དེར་རི་ཤི་ཞེས་སྐྱེས་བུ་དམ་པ་ཞེས་པའི་མིང་སྨྲོས་ནས་བརྩི་བཀུར་བྱེད་ཀྱི་རེད། དཔེར་ན། རྒྱང་འཕེན་པ་གྲུབ་མཐའི་ཐོག་ནས་ཆད་ལྟ་བའི་གྲུབ་མཐར་རྩིས་ཏེ་དགག་པ་དང་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་རྒྱང་འཕེན་པའི་ལྟ་གྲུབ་འཛིན་མཁན་གྱི་གང་ཟག་དེར་རི་ཤི་ཞེས་འབོད་ཀྱི་རེད་ཅེས་ངོས་ལ་བརྗོོད་མྱོང་། དེ་ནི་བདེན་པའི་གནས་ཚུལ་ཞིག་ཡིན། དེར་བརྟེན་རྒྱ་གར་ལ་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེ་རྒྱ་གར་གྱི་གནའ་རབས་ཀྱི་གོམས་གཤིས་ཙམ་མ་ཡིན་པར། དེ་རིང་ཁ་སང་དུས་རབས་ཉེར་གཅིག་ནང་འཛམ་གླིང་ལ་མིག་དཔེ་འོས་པ་ཞིག་དང་འཛམ་གླིང་གིས་དཔེ་ལྟ་ས་གལ་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་ས་ཁུལ་གཅིག་གི་སྟེང་ལ་རྒྱ་གར་རང་གི་ཆོས་བརྒྱུད་ཁག་གནས་ཡོད་པ་དེ་དག་ལོ་རྒྱུས་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་ཡོད་པའི་རྟགས་ཤིག་སྟོན་གྱི་ཡོད། དེ་བཞིན་བོད་དང་ཡང་འབྲེལ་བ་ཡོད་པ་ཞིག་ཕལ་ཆེར་རེད། སྔར་བོད་ལ་སངས་རྒྱས་ཀྱི་ཆོས་དར་སྐབས་རྟག་ཞི་ཤི་ལ་ཞེས་པའི་མཚན་ཞིག་དོན་གྱི་འདུག དེ་ནས་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་བྱས་ཏེ་གང་ལྟར་བོད་ལ་ནང་ཆོས་དར་ཡོང་སྐབས་ཕལ་ཆེར་ཡོངས་གྲགས་སུ་ལམ་གཙོ་བོ་དེ་ལ་དྭགས་དང་ཀ་ཤི་མི་རི་བརྒྱུད་ནས་ཡོང་བ་ཞིག་རེད་འདུག དེ་ལྟ་བུའི་ཐོག་ནས་བོད་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་ཙམ་དུ་མ་ཟད་དར་ལམ། (Silk Route) ས་ཁུལ་ནས་རྒྱ་ནག་དང་། དེ་ནས་ཀོ་རི་ཡ། ཉི་ཧོང། ཝི་ཏི་ནམ། དེ་དག་ལ་ཡང་ཕལ་ཆེར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ས་ཆ་འདི་གནད་འགག་ཆེན་པོ་ཞིག་ཆགས་འདུག ཆོས་ལུགས་མི་འདྲ་བ་མང་པོ་ཞིག་མཐུན་སྒྲིལ་ཡོད་པའི་བག་ཆགས་དེས་རྒྱ་གར་ནང་མང་གཙོའི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་ཡོད་པ་ཚོས་མང་གཙོའི་ཐོག་ནས་འགྲན་བསྡུར་དང་རྩོད་པ་བྱེད་རྒྱུ་ཡོང་གི་རེད། གཞི་རྩའི་ཆ་ནས་ཧ་ཅང་གི་བརྟན་པོ་(Peaceful) དང་ཞི་བདེ་ (Stability) ཡོད་པ་དང་ཏན་ཏན་འབྲེལ་བ་ཡོད་པ་ཞིག་རེད་འདུག རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་འདིའི་སྟེང་མི་འབོར་ཆེ་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཡོད། ངོས་རང་འཛམ་གླིང་གི་ས་ཆ་འདྲ་མིན་དུ་སླེབས་སྐབས་འདི་ལྟར་ཤོད་ཀྱི་ཡོད། འཛམ་གླིང་འདི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་མ་ཟིན་ཙམ་ལ་དབང་ཡོད། དེར་བརྟེན་ལུང་པ་གང་དང་གང་ཡིན་ནའང་ལུང་པ་དེའི་བདག་པོ་ངོ་མ་དེ་མི་མང་དེ་དག་ཆགས་ཡོད། མི་མང་གིས་རང་གི་ལུང་པ་དབང་བསྒྱུར་བྱ་རྒྱུའི་ཐབས་ལམ་དེ་མང་གཙོའི་འགྲོ་སྟངས་ཡག་ཤོས་རེད་འདུག ང་ཚོ་བོད་ལ་ཆ་བཞག་ན་འདས་པའི་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་རིང་ཏཱ་ལའི་བླ་མའི་བླ་བྲང་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ཡོད། ལོ་འདིའི་ནང་ངོས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་དགའ་ཞིང་སྤྲོ་ཞིང་སྤོབས་དང་བཅས་ཏེ་ལོ་ ༤༠༠ མ་ཟིན་ཙམ་གྱི་ཏཱ་ལའི་བླ་མས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་རྒྱུ་དེ་མཚམས་འཇོག་བྱས་པ་ཡིན། ལོ་འདིའི་ཟླ་བ་གསུམ་པའི་ནང་༸རྒྱལ་བ་རིན་པོ་ཆེར་ལོ་རྒྱུས་ཀྱི་ཐོག་ནས་ཆོས་སྲིད་གཉིས་ཀའི་འགན་ཡོད་པ་དེ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བཙན་བྱོལ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་པ་ཡིན། དེ་ལྟར་བྱེད་དགོས་ནི། འཛམ་གླིང་འདིའི་སྟེང་ལུགས་སྲོལ་ཡག་ཤོས་དེ་མང་གཙོའི་ལུགས་སྲོལ་ཡིན། མང་གཙོ་ལག་ལེན་ཡང་དག་པ་ཞིག་ཡོང་བར་མི་མང་གི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱ་གར་ནང་ཤེས་ཡོན་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། ད་དུང་ཚང་མས་ཤེས་ཡོན་ཐོག་ཤུགས་བརྒྱབ་སྟེ་དོ་སྣང་བྱེད་བཞིན་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ལ་དྭགས་ས་ཁུལ་ནས་ཡོང་བའི་སློབ་ཕྲུག་ཁྱེད་རང་ཚོར་ཆ་བཞག་ནའང། དེང་དུས་ཀྱི་ཤེས་ཡོན་ཐོག་རིག་པ་སྒྲིམ་ནས་སློབ་སྦྱོང་ཚད་མཐོ་པོ་སླེབས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་བྱ་ཡོན་ཏན་ཡོད་པའི་ནང་ལ་ང་ཚོས་ཞིབ་འཇུག་བྱོས་དང་། ཡར་ཐོན་ཧ་ལས་ཕྱིན་པའི་ལུང་པ་ཞིག་གི་ནང་ལའང་ཀླད་པ་བེད་སྤྱོད་བྱ་རྒྱུའི་ཤེས་ཡོན་ཡག་པོ་ཡོད་ཀྱང་། སེམས་པ་བཟང་པོའི་ལྷག་བསམ་གྱིས་མ་འདང་བའི་དཀའ་ངལ་ཞིག་ལུང་པ་མང་པོའི་ནང་འཕྲད་བཞིན་འདུག དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་ཚད་མཐོ་པོ་ཡོང་རྒྱུའི་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་དང། དེ་དང་ཆབས་ཅིག་སེམས་པ་བཟང་པོ་ཡོང་རྒྱུའི་ཆ་རྐྱེན་གཙོ་བོ་གཅིག་ནི་རྒྱ་གར་ལ་གནའ་རབས་ནས་ཡོད་པའི་ཡ་རབས་སྤྱོད་བཟང་ཡོད་པ་དེར་ངེས་པར་དུ་དོ་སྣང་བྱེད་དགོས། དེང་དུས་ཀྱི་ཤེས་ཡོན་ཁོ་ན་མ་གཏོགས་གནའ་རབས་ནས་ཡོད་པའི་བཟང་པོའི་གོམས་གཤིས་དེ་དག་བརྗེད་ན་འཁྲུག་ཆ་དོད་པོའི་སྤྱི་ཚོགས་ཤིག་ཆགས་ཀྱང་མི་སེམས་པ་སྐྱིད་པོ་མེད་པ་ཞིག་ཆགས་ཀྱི་རེད། དེར་གཟབ་གཟབ་བྱེད་དགོས། འཛམ་གླིང་འདིའི་སྟེང་མི་མང་པོར་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་ཡག་པོ་ཡོད་ཀྱང་སེམས་ནང་མ་སྐྱིད་པ་ཡོད་པ་མཐོང་རྒྱུ་ཡོད། འབྱོར་ལྡན་དངོས་པོའི་མཐུན་རྐྱེན་དང་ཤེས་ཡོན་ཧ་ཅང་ཡག་པོ་ཡོད་ཀྱང་སེམས་ནང་གཅིག་མ་ཆ་ཚང་བར་མ་སྐྱིད་པ་བྱེད་མཁན་དེ་འདྲ་ངོས་ཀྱིས་མང་པོ་མཐོང་མྱོང། དེང་དུས་ཀྱི་ཤེས་ཡོན་དེ་དངོས་པོ་ཡར་རྒྱས་ལ་ཕྱོགས་པའི་ཤེས་ཡོན་ཆགས་ཡོད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་པོ་ཡོད་ནའང་གཙོ་བོ་དམིགས་ཡུལ་དེ་དངོས་པོ་ཡར་རྒྱས་དང་འབྲེལ་ཡོད། དངོས་པོ་ཡར་རྒྱས་ཀྱིས་ལུས་ལ་ཞི་བདེ་སྤྲོད་ཀྱི་ཡོད་ཀྱང་དངོས་པོ་ཡར་རྒྱས་ཀྱིས་སེམས་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། དཔེར་ན་སྐབས་རེ། ཁྱེད་རང་ཚོ་ལྡི་ལི་དང། མུམ་བྷེ། སྦེང་ལོར་དུ་ཚོང་ཁང་(Super Market)ཆེན་པོ་ཞིག་གི་ནང་ཕྱིན་ཏེ་ང་སེམས་ཀྱི་ཞི་བདེ་ཉོ་དགོས་ཡོད་ཅེས་བརྗོད་ན་ཁོ་སྨྱོན་པ་རེད་ཟེར་གྱི་རེད། ཤེས་བྱ་ཡོན་ཏན་ཆེན་པོ་ཡོད་པ་དེ་ལྷག་བསམ་གྱིས་རྒྱབ་མ་ཁྱོགས་པར་ཤེས་བྱ་ཡོན་དང་ལག་རྩལ་དེ་ཞེ་སྡང་དང། ང་རྒྱལ། འདོད་རྔམ། དོགས་པ་བཅས་ཀྱི་གཞན་དབང་དུ་ཕྱིན་ན། ཤེས་བྱ་ཡོན་ཏན་དེ་གཏོར་བཤིག་གཏོང་རྒྱུའི་ཐོག་ཕྱིན་པ་མ་གཏོགས་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད། རང་ཉིད་ལ་ཡིན་ནའང་བདེ་སྐྱིད་རག་རྒྱུ་ཁག་པོ་འདུག ཇི་ཙམ་གྱིས་ཤེས་བྱ་ཡོན་ཏན་བཟང་པོ་ཞིག་ཡོད་པ་དེ་ཕན་པའི་ལྷག་བསམ་བཟང་པོའི་རྒྱབ་གནོན་པ་ཞིག་བྱུང་ན། ཤེས་བྱ་ཡོན་ཏན་དེ་གཞན་ལ་ཕན་པ་དང། རང་ལའང་ཕན་པ། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ་ཡོང་རྒྱུ་ཏན་ཏན་རེད། དེར་བརྟེན་སེམས་པ་བཟང་པོ་བྱ་རྒྱུ་དེ་རྩ་བ་ཞིག་རེད་འདུག དེར་བརྟེན་ཡ་རབས་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེན་པོར་རྩིས་དགོས། སེམས་པ་བཟང་པོ་བྱ་རྒྱུ་དེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་ཆོས་བརྒྱུད་ཚང་མས་སེམས་པ་བཟང་པོ་དང། བྱམས་བརྩེ། བཟོད་བསྲན་བྱེད་དགོས་ཞེས་གསུང་གི་ཡོད། ཆོས་ལུགས་ཚང་མར་མིའི་སེམས་པ་བཟང་པོ་ཡོང་རྒྱུར་བསླབ་བྱ་བཟང་པོ་ཡོད་པ་གཅིག་མཚུངས་རེད། དམིགས་བསལ་ཆོས་ལ་དད་པ་མེད་པ་ཞིག་ཡིན་ནའང་སེམས་བཟང་པོ་ཞེས་པར་དམིགས་བསལ་དོ་སྣང་བྱས་ནས་སོ་སོའི་སེམས་རྒྱུད་བཟང་དུ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། དེ་ཡང་ངོས་ཀྱིས་ནམ་རྒྱུན་(Secular Ethics)ཤོད་ཀྱི་ཡོད། རྒྱ་གར་གྱི་རྩ་ཁྲིམས་ནང་ཆ་བཞག་ནའང་(Secularism) སྒང་ནས་སླེབས་ཀྱི་ཡོད། (Secularism) ཞེས་པ་ནི་ཆོས་ལུགས་ཚང་མར་གུས་ཞབས་དང་། དེ་བཞིན་ཆོས་དད་མེད་མཁན་རྣམས་ལའང་གུས་ཞབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཆོས་དད་ཡོད་མཁན་ཚོས་སོ་སོའི་ཆོས་བརྒྱུད་ཀྱི་ཐོག་ནས་སེམས་པ་བཟང་པོ་བྱ་རྒྱུར་ཉམས་ལེན་བྱེད་དགོས། ཆོས་ལ་དམིགས་བསལ་དད་པ་མེད་མཁན་ཚོས་ཀྱང་མི་སྤྱོད་ཡ་རབས་ཀྱི་རང་བཞིན་སེམས་བཟང་པོ་བྱ་རྒྱུར་དོ་སྣང་བྱེད་དགོས། དེ་རིང་ཁ་སང་ཚན་རིག་གི་ཐོག་ནས་ཀྱང་ཀླད་པའི་སྐོར་གྱི་ཚན་རིག་པ་དང་འཕྲོད་བསྟེན་སྐོར་གྱི་ཚན་རིག་པས་གཟུགས་པོའི་འཕྲོད་བསྟེན་ལ་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་ཡོང་རྒྱུ་གཙོ་བོ་དེ་སེམས་ནང་བྱམས་བརྩེ་ཡོད་ན་དོགས་པ་ཡོང་གི་མ་རེད། དོགས་པ་མེད་ན་འཇིགས་སྣང་ཡོང་གི་མེད། དེར་བརྟེན་སེམས་ནང་ཞི་བདེ་ཡོང་གི་ཡོད། ཅེས་དེང་སང་ཚན་རིག་པ་ཚོས་འདི་ལྟར་ཤོད་ཀྱི་འདུག དེར་བརྟེན་ཆོས་དད་མེད་མཁན་ཚོ་ཡིན་ནའང་(Secular ethics) ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཞི་བདེ་ཞེས་པ་དེ་གཙོ་བོ་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཡོང་དགོས་པ་ཞིག་ཡིན། མི་སྒེར་སོ་སོ་ཡིན་ནའང་སེམས་ལ་བྱམས་བརྩེ་སོགས་ཡོད་ན་ཞི་བདེ་ཡོང་གི་རེད། ཁྱིམ་ཚང་དེ་ཡང་ཞི་བདེ་ཡོང་གི་རེད། སྤྱི་ཚོགས་ལའང་ཞི་བདེ་ཡོང་གི་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན་ངོ་ཐོག་ཞི་བདེ་ཡོང་རྒྱུ་དེ་ནང་གི་ཞི་བདེ་བརྒྱུད་ནས་ཡོང་དགོས་པ་ཞིག་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་ལ་(Ahimsa) འཚེ་བ་མེད་པ་ཞེས་པ་དེ་གཙོ་བོ་སྤྱོད་པའི་ཐོག་ནས་རེད། སྤྱོད་པ་འཚེ་བ་མེད་པ་ཡོང་རྒྱུའི་རྩ་བ་ཀུན་སློང་བྱམས་བརྩེར་ཐུག་ཡོད། བྱམས་བརྩེ་གང་དུ་ཡོད་པ་དེར་འཚེ་བ་མེད་པའི་སྤྱོད་པ་ཡོང་གི་ཡོད། ཕྲག་དོག་དང་འགྲན་སེམས་ཀྱིས་ཁེངས་པའི་བསམ་བློ་ཞིག་གི་ནང་འཚེ་བ་མེད་པ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། འཚེ་བ་ཅན་དང་འཚེ་བ་མེད་པ་ཟེར་བ་དེ་ངོ་ཐོག་བསམ་བློ་གཏོང་ས་དང་ས་མཚམས་ཕྱེ་ས་དེ་བྱམས་བརྩེ་ཡོད་ན་འཚེ་བ་མེད་པ་ཡོད། བྱམས་བརྩེས་ཕོངས་ནས་ཞེ་སྡང་དང་ང་རྒྱལ། ཁོང་ཁྲོ་ཡོད་ན་འཚེ་བ་མེད་པ་ཡོང་ཐུབ་རྒྱུ་མེད། དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་ངོ་སྟོང་ཕྲག་རིང་འཚེ་བ་མེད་པ་(Ahimsa) ཞེས་པའི་རྩ་བ་ཐུག་ས་ཀུན་སློང་བྱམས་བརྩེར་ཐུག་ཡོད། དེང་སང་འཛམ་གླིང་གང་སར་ལྐོག་ཟ་རུལ་སུངས་ཟེར་བའི་ན་ཚ་སྐྲན་ནད་(cancer) ལྟ་བུ་ཡོད། ཐབས་སྐྱོ་བ་ཞིག་ལ་རྒྱ་གར་ནང་ལའང་སྐྲན་ནད་ལྟ་བུའི་ན་ཚ་དེ་གང་ལ་གང་ཙམ་བསླེབས་ཡོད། དེ་ཚོའི་གྲས་ཡ་རབས་ལྟ་སྤྱོད་ཀྱི་ཕོངས་པར་བརྟེན་སོ་སོ་གཅིག་པུ་བསམ་བློ་བཏང། དེ་ཡང་དངུལ་ཁོ་ནར་བསམ་བློ་བཏང་སྟེ་ལྐོག་ཟ་རུལ་སུངས་ཞེས་པ་སླེབས་ཀྱི་ཡོད། ལྐོག་ཟ་རུལ་སུངས་ཞེས་པ་དེ་ངོ་ཐོག་ཚོད་འཛིན་བྱ་རྒྱུ་དེ་མིའི་ལྷག་བསམ་ཡར་རྒྱས་གཏོང་རྒྱུ་དང་(Moral Principle) ཡག་པོ་བྱུང་ན་ལྐོག་ཟ་རུལ་སུངས་ཉུང་དུ་འགྲོ་གི་རེད། དེ་ཤེས་རྒྱུ་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག ངོས་ཀྱིས་རྒྱ་གར་གྲོགས་པོ་ཚོར་ཤོད་ཀྱི་ཡོད། དཀོན་མཆོག་ལ་དད་པ་བྱས་ཏེ་ཚུར་ཕྱོགས་དེར་ལྐོག་ཟ་རུལ་སུངས་བྱས་ན་འགལ་འདུ་ཆེན་པོ་རེད། ཡང་ན་དཀོན་མཆོག་བརྗེད་དེ་ལྐོག་ཟ་རུལ་སུངས་ཐོག་འགྲོ་རྒྱུ་རེད། ཡང་ན་དཀོན་མཆོག་དྲན་ན་ལྐོག་ཟ་རུལ་སུངས་མ་བྱས་པར་དྲང་པོ་བྱེད་དགོས། དེ་རིང་ཁྱེད་རྣམས་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ངོས་རང་ལ་ནམ་རྒྱུན་བསམ་ཚུལ་ཡོད་པ་རྣམས་དེ་རིང་ཁྱེད་ཚོར་ཞུ་རྒྱུའི་གོ་སྐབས་བྱུང་བས་ཁྱེད་ཚོ་སེམས་ནང་ངེས་པ་བྱེད་དགོས། ངོས་ཀྱིས་བཤད་པ་དེ་དག་སེམས་ལ་བབས་པོ་འདུག་ན་ལག་ལེན་དུ་བསྟར་དགོས། ཡང་སེམས་ལ་བབས་པོ་མེད་ན་ཉིན་གུང་ཁ་ལག་བཟའ་རུ་ཕྱིན་ནས་ཁ་ལག་ལ་བསམ་བློ་བཏང་སྟེ་ངོས་ཀྱིས་བཤད་པ་དེ་དག་བརྗེད་ན་འགྲིག་གི་རེད། ཐུགས་རྗེ་ཆེ། ཞེས་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས། །