༢༠༡༡ ཟླ་ ༡༠ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཉིན་ཤས་སྔོན་རྔ་པ་རྫོང་རྔ་སྟོད་ཨ་འདུས་གཤོང་བའི་ཝོ་ཁ་ཚང་གི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་གྲོས། རང་ལོ་ ༣༦ ཙམ། ཕ་མིང་གདུགས་ཁོ་ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ད་ཆ་གར་ཡོད་སོགས་ཀྱི་གནས་སྟངས་འབྲེལ་ཡོད་ཚོས་ཤེས་རྟོགས་ཐུབ་ཀྱི་མེད་པར་མ་ཟད། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་འདི་ཡིན་གསལ་བཤད་གང་ཡང་བྱས་མི་འདུག
དེ་བཞིན་འདི་ཟླའི་ཟླ་སྟོད་ཙམ་ལ་རྔ་པ་རྫོང་ཇོ་ལེབས་སྡེ་བའི་སྟག་ཀ་ཚང་གི་ཟླ་བ། རང་ལོ་ ༣༩ དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཁོང་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡ ཉིན་རྔ་པ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་པ་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་པར་བཞག་ཡོད་འདུག ཁོང་རྔ་པའི་གྲོང་སྡེའི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཞིང་། ལས་ཞོར་དུ་དུས་རབས་ཀྱི་ང་རྩོམ་སྒྲིག་གི་ལས་ཀ་གནང་བཞིན་པ་དང་། ཁོང་དང་ལས་རོགས་དག་གིས་རྔ་པའི་ནང་ལ་རིག་གཞུང་བགྲོ་གླེང་མང་པོ་གོ་སྒྲིག་གནང་མྱོང་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཤེས་རྟོགས་ཐུབ་མེད། ཉིན་ཤས་གོང་བཟའ་ཟླ་དང་ཕྲུ་གུ་བཅས་ཕན་ཚུན་མཐོང་ཙམ་གྱི་གོ་སྐབས་སྤྲད་ཡོད་ཀྱང་སྐད་ཆ་ཤོད་རྒྱུའི་གོ་སྐབས་སྤྲད་མེད།
ཁོང་ལོ་ཤས་སྔོན་རྔ་པ་ནས་པགས་རིགས་ཀྱི་རྒྱན་གོས་མེར་སྲེག་གཏོང་སྐབས་ཀྱི་ལས་འགུལ་སྣེ་ཁྲིད་པའི་ཉེས་མིང་འོག་ཟླ་གཅིག་ཙམ་རིང་རྔ་པ་རྫོང་ནས་བཀག་ཉར་བྱས་ཤིང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་རང་ཁྱིམ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་བཀག་ཉར་བྱས། ཁོང་གི་ཆུང་མས་རྔ་པ་རྫོང་ཐོག་ནས་དཔེ་དེབ་དང་འོད་སྡེར་ཚོང་འགྲེམས་དང་གཡར་ལེན་བྱེད་སའི་༼ལྷ་མོའི་བླ་མཚོའི་སྒྲ་བརྙན་གླིང་༽ཞེས་པའི་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དང༌། ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་སུ་རྔ་པ་རྫོང་ཉེན་རྟོག་མི་སྣས་ཚོང་ཁང་ནང་སྔོག་བཤེར་བྱས་ཏེ་གློག་ཀླད་ཆུང་ཆུང་ཞིག་དང་བཅའ་དངོས་གཡར་ལེན་བྱེད་སྐབས་ཐོ་འགོད་བྱེད་སའི་འབྲི་དེབ། དེ་བཞིན་དེབ་གཟུགས་མ་ཡིན་པའི་རྩོམ་ཡིག་འགའ་རེ་སོགས་ཁྱེར་ཡོད་ཚུལ་བཅས་སྐབས་དེར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་འདུག
ཡང་ཉེ་ཆར་ལྷ་ས་ནས་རྔ་པ་ཨ་མཆོག་མཚན་ཉིད་དགོན་པའི་ལྷ་སྡེ་ཡིན་པའི་མི་གསུམ་དང་། དེ་མིན་གྱི་མི་གཅིག་བཅས་འཛིན་བཟུང་བྱས་ཡོད་ཀྱང་། མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ།
ཉེ་ཆར་རྔ་པའི་བསེ་དགོན་པར་མ་ཎི་དུང་སྒྲུབ་ཚོགས་ཡོད་པར་མི་མང་འདུ་འཛོམས་ཆེན་པོ་བྱུང་འདུག་པས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དགོན་པའི་མཐའ་ནས་བསྐོར་ཏེ་སྔར་ལས་ལྷག་པའི་དམ་བསྒྲགས་ནན་མོ་བྱས་ཡོད་ཅིང་། དེ་བཞིན་མ་མའི་བཙུན་དགོན་དང་གཡས་གཡོན་གྱི་གྲོང་སྡེ་རྣམས་ལ་ད་དུང་དངོས་ཤུགས་བརྒྱུད་གསུམ་ནས་དམ་བསྒྲགས་བྱེད་མུས་ཡིན་འདུག
དེང་སྐབས་རྔ་པའི་གྲོང་སྡེ་མང་པོའི་ནང་རྒྱ་གཞུང་གི་ལས་བྱེད་ཚན་པ་རྒྱུན་སྡོད་བྱས་ཏེ་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་སྐོར་ལ་བོད་མི་དང་བོད་ཀྱི་ལས་བྱེད་པ་ཁག་གཅིག་ལ་བཙན་སྐུལ་གྱིས་སྐྱོན་བརྗོད་བྱེད་བཅུག་སྟེ། གློག་བརྙན་ནང་སྟོན་གྱི་ཡོད་པ་དང་། དེ་བཞིན་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམས་ལ་བརྙས་སྨོད་སྣ་ཚོགས་བྱས་ཏེ་བོད་མི་རྣམས་ཀྱིས་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་འདུག ཡང་དེ་སྔོན་གསུམ་པའི་བཅུ་དྲུག་ཉིན་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་བློ་བཟང་ཕུན་ཚོགས་མཆོག་མ་གྲོངས་གོང་གི་གློག་བརྙན་ཞིག་རྫུན་བཟོ་བྱས་ཡོད་པ་དང་། དེའི་ནང་གསར་འགོད་པ་ཞིག་གིས་སྐད་ཆ་འདྲི་ཁུལ་བྱས་ཏེ་ཁྱེད་རང་ལ་སུས་ཡག་པོ་བྱས་སོང་ཟེར་བར། ཁོང་གིས་དེའི་ལན་དུ་ང་ལ་ཉེན་རྟོག་པ་དང་སྨན་པས་ཡག་པོ་གནང་སོང་ཟེར་བ་དང་། ཡང་ད་ལྟ་ཁྱོད་ཀྱིས་ག་རེ་བསམ་གྱི་འདུག་ཅེས་པར། ཁོང་གིས་ངས་རང་ལུས་མེར་སྲེག་བཏང་བར་འགྱོད་པ་སྐྱེས་ཀྱི་འདུག་ཅེས་ལན་འདེབས་བྱས་ཁུལ་རྫུན་བཟོ་བྱས་ཡོད་འདུག གློག་བརྙན་དེ་མཐོང་ཙམ་ནས་ཚང་མས་རྫུན་བཟོ་བྱས་པ་གསལ་པོ་ཤེས་ཐུབ་ཀྱི་ཡོད་འདུག་པས་དེ་བས་ཀྱང་བོད་མི་རྣམས་ཀྱི་སེམས་ལ་བཟོད་དཀའ་བའི་ན་ཟུག་སློང་གི་ཡོད་འདུག
བོད་མི་རྣམས་ཀྱིས་བརྗོད་ན་དེ་སྔོན་བླ་མ་རྣམ་པར་མཚན་སྨོད་བྱས་པ་དང་དེང་སྐབས་བོད་མི་རིགས་ཀྱི་རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་རྣམས་ལ་བརྙས་བཅོས་སྣ་ཚོགས་བྱེད་བཞིན་པ། དཔེར་ན་བློ་བཟང་ཕུན་ཚོགས་སྤྱིར་དགུང་ལོ་ ༢༠ ཡིན་ཡང་རྒྱ་གཞུང་གིས་བཙན་གྱིས་ལོ་ ༡༦ ཡིན་པར་རྫུན་སྒྲོག་བྱས་ཤིང་། ཁོང་སེམས་པ་ཐང་ཐང་མེད་ཚུལ། ཁོང་གིས་རང་ལུས་མེར་སྲེག་བཏང་བ་དེ་མི་ཁར་བརྒྱུགས་པ་ཡིན་ཚུལ་སོགས་ཀྱིས་བོད་མི་རྣམས་ལ་གཅིག་མཚུངས་ཀྱིས་སེམས་ལ་དཀའ་ངལ་ཡོང་གི་ཡོད་ཚུལ་འགྲེལ་བརྗོད་བྱས། ཡང་མི་ཚང་རེ་རེ་བཞིན་དུ་རྗེས་སུ་དེ་སྔའི་ལས་འགུལ་རིགས་རྩ་བ་ནས་བྱེད་མི་ཆོག་པ་དང་། ཕ་མ་རྣམས་ཀྱིས་འགན་ཁུར་དགོས་ཚུལ་སོགས་ཀྱི་ཉེན་བརྡ་གཏོང་བཞིན་ཡོད་འདུག