༢༠༡༡ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཉེ་ལམ་བོད་མདོ་སྨད་རྔ་པ་སོགས་ནང་བོད་མི་ཁག་གཅིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་དང་བྱེད་མུས་ཡིན་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་ཕྱོགས་ནས་ས་གནས་བོད་རིགས་མི་མང་ལ་དྲག་གནོན་བྱེད་ཤུགས་ཆེ་དྲགས་པར་མ་བཟོད་པར་འུ་ཐུག་ཐབས་ཟད་ལ་རྟེན་ནས་དོན་རྐྱེན་དེ་དག་ཡོང་བཞིན་ཡོད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༣ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༢ ནས་བཟུང་བོད་མདོ་སྨད་རྔ་པ་ཁུལ་དུ་དྲག་པོའི་དམ་བསྒྲགས་ཀྱི་ལས་གཞི་འམ་སྲུང་བྱའི་འགྲོ་གྲོན་རྣམས་བསམ་ཡུལ་ལས་འདས་པའི་སྤར་ཆ་བྱེད་ཤུགས་ཆེ་རུ་གཏོང་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༠༩ རྗེས་ནས་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་ནང་བོད་རིགས་མ་ཡིན་པའི་ཉེན་རྟོག་སྐོར་བྱའི་ལས་དོན་ཐོག་བཏང་བའི་འགྲོ་གྲོན་ལས་རྔ་པའི་ས་ཁུལ་ལ་བོད་རིགས་མི་མང་ལ་དམ་བསྒྲགས་བྱེད་ཆེད་འགྲོ་སོང་ལྡབ་ལྔས་མང་བ་བཏང་འདུག རྒྱ་ནག་གཞུང་གི་འགྲོ་སོང་དེ་དག་སྤྱི་བདེའི་མི་སྣ་དང་། བོད་མི་བཙོན་འཇུག་བྱེད་ཡུལ་གྱི་བཙོན་ཁང་། དེ་བཞིན་ཁྲིམས་ཆད་གཏོང་ཡུལ་གྱི་ཁྲིམས་ཁང་བཅས་ཀྱི་ཆེད་དུ་འགྲོ་སོང་བཏང་དང་གཏོང་མུས་རེད། འགྲོ་སོང་དེ་དག་ནི་རྒྱ་ནག་གཞུང་གི་ཁྲེན་ཏུ་ཞིང་ཆེན་སྲུང་སྐྱོབ་ཀྱི་སྤྱིའི་འགྲོ་སོང་ལས་ཀྱང་ལྡབ་གཉིས་ཀྱིས་མང་བ་གཏོང་བཞིན་ཡོད་པ་རྒྱ་ནག་གཞུང་གི་དངུལ་རྩིས་ཀྱི་ཡིག་ཆ་ཁག་ལས་གསལ་པོ་ར་སྤྲོད་བྱེད་ཐུབ། རྒྱ་ནག་གཞུང་གི་རྔ་པ་ཁུལ་དུ་ཕྱི་ལོ་ ༢༠༠༧ ནས་འགོ་འཛུགས་ཏེ་དྲག་སྤྱོད་ལས་འགུལ་བཀག་འགོག་ཆེད་རྡུང་རྡེག་ཚ་ནན་ཞེས་པའི་མིང་ཐོག་ནས་བོད་མིའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང། ཆོས་དད་རང་དབང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་བོད་མིའི་ཁྱིམ་ཚང་དང་དགོན་པར་སྔོག་བཤེར་བྱས་ཏེ་བོད་མི་གང་བྱུང་དུ་འཛིན་བཟུང་བྱས་པ་མ་ཟད། དགོན་པར་ལྟ་སྲུང་གིས་དམ་བསྒྲགས་བྱ་རྒྱུའི་མཚོན་དྲག་གནོན་གྱི་སྲིད་བྱུས་དེ་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས། ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་རྩ་ཆེན་འཛིན་བཞིན་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ཀྱང་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་སྣང་གནང་དགོས་པ་མ་ཟད། བོད་ནང་གི་བོད་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཡོང་ཆེད་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་དགོས་ཞེས། གསུངས་ཡོད་པ་བཅས། །
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)