༢༠༡༡ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩ དང་ཕྱེད་ཙམ་གྱི་དུས་སུ་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་སྐབས་དང་སྟབས་བསྟུན་ནས་རང་ལུས་མེར་སྲེག་བཏང་སྟེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་བྱས་འདུག ལོ་ལྟར་དཀར་མཛེས་དགོན་པའི་ནང་དུ་བོད་ཟླ་ ༨ པའི་ཚེས་ ༢༨ དང་ ༢༩ གཉིས་ལ། རྒྱལ་ཆེན་སྐུ་ལྔའི་དུས་གཏོར་ཚོགས་སྲོལ་ཡོད་པ་བཞིན། ལོ་འདིར་ཡང་ཚོགས་ནས་བོད་ཚེས་ ༢༩ ཉིན་འཆམ་པར་གཟིགས་མོ་བ་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་དང་། འཆམ་གྲུབ་རྗེས་དགོན་པའི་རྒྱབ་ལོགས་སུ་གཏོར་རྒྱག་བྱེད་སྲོལ་ཡོད་པ་ལྟར། གོང་ཚེས་ཉིན་གཏོར་རྒྱག་བྱེད་རན་ནས་གྲྭ་མང་དང་མི་སྐྱ་ཚང་མ་བྲེལ་འཚུབ་ཀྱིས་གཏོར་རྒྱག་བྱེད་ཡུལ་དུ་བསྐྱོད་གྲབས་བྱེད་བཞིན་པའི་སྐབས། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ཐོག་མ་དཀར་མཛེས་དགོན་པའི་བསང་མཆོད་གཏོང་ས་རུ་བསང་ ཞིག་བཏང་བ་དང་། དེའི་རྗེས་སུ་ཁོང་གིས་རང་ལུས་མེར་སྲེག་བཏང་སྟེ། ངག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་བརྒྱབ་ཡོད་པ་དང་། མཚམས་དེར་མི་མང་གིས་མཐོང་སྟེ་ངུ་འབོད་དང་སྐད་ཅོར་འདྲ་མིན་བརྒྱབ་ནས་ཁོང་གིས་སྐད་འབོད་མང་པོ་ཞིག་བརྒྱབ་ཡོད་ཀྱང་མི་མང་པོས་འབོད་སྒྲ་དེ་ཙམ་གསལ་པོ་ཐོས་ཐུབ་མི་འདུག མི་མང་པོས་རུབ་ནས་ཁོང་གི་སྐུ་གཟུགས་ཀྱི་མེ་གསོད་ཐུབ་ཙམ་བྱུང་བ་དང་། དཀར་མཛེས་དགོན་པའི་རླངས་འཁོར་ནང་བླུགས་ནས་དཀར་མཛེས་རྫོང་མི་མང་སྨན་ཁང་དུ་ཁྲིད་པའི་སྐབས་སུ་དཀར་མཛེས་དགོན་པའི་དགེ་འདུན་པའང་མང་ཆེ་བ་མཉམ་དུ་སོང་ནས་སྨན་བཅོས་བྱས་ཀྱང་། དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་དགོན་པའི་གྲྭ་དམངས་ལ་ང་སྨན་བཅོས་བྱེད་མ་བཅུག་ཅེས་འབོད་སྐུལ་ཞུས་པ་དང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་རྩིས་བྱས་པས་དགེ་འདུན་པ་རྣམས་ཀྱིས་དེ་ལུགས་ཁོང་གི་མཐའ་ནས་བསྐོར་ཏེ་ཉེན་རྟོག་པ་རྣམས་དྲུང་དུ་བཅར་བཅུག་མི་འདུག གལ་སྲིད་ཉེན་རྟོག་པས་ཁོང་བཙན་གྱིས་འཛིན་བཟུང་བྱས་ན་གློ་བུར་འཁྲུག་འཛིངས་ཆེན་པོ་ཡོང་ངེས་སུ་མཐོང་ནས་ཁོང་འཛིན་བཟུང་བྱེད་ཐུབ་མེད་པ་རེད། སྨན་བཅོས་ཕྲན་བུ་བྱས་རྗེས་སྨན་ཁང་དུ་མ་བཞག་པར་ཡར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་རྒྱལ་གཅེས་པ་ཟླ་བ་ཚེ་རིང་ཁོང་གིས་དགོན་པའི་གྲྭ་དམངས་ལ་ང་སྨན་བཅོས་བྱེད་མ་བཅུག་ཅེས་འབོད་སྐུལ་ཞུས་པ་དང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ན་ཉེས་རྡུང་ཚོད་མེད་གཏོང་ངེས་པར་བརྟེན། རྒྱ་གཞུང་གི་སྨན་ཁང་དུ་འཇོག་བློས་མ་བཟོད་པར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་པ་ཞིག་རེད་འདུག
རང་ལོ་ ༣༧ ཡས་མས་ཡིན་པ་དགེ་འདུན་ཟླ་བ་ཚེ་རིང་ལགས་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཁྲེན་པན་ཤང་། དཀར་མཛེས་དགོན་པའི་འོག་གི་གྲོང་སྡེ་ཡུལ་པ་ཁག་ནས་ཡིན་པ་ཕ་བདེ་ལེགས་དང་། མ་ཚེ་འདས་སྒྲོན་མཚོ་གཉིས་སུ་སྐྱེས། ཁོང་ཕྱི་ལོ་ ༢༠༠༤ ཡས་མས་ཤིག་ལ་དཀར་མཛེས་དགོན་དུ་ཆོས་ཞུགས་བྱས་ནས་ད་བར་སློབ་གཉེར་བྱེད་མུས་ཡིན་འདུག ད་ལྟའི་ཆར་དཀར་མཛེས་དགོན་པ་དང་དཀར་མཛེས་རྫོང་ཁུལ་དུ་རྒྱ་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་འདུག་པ་བཅས། །
མདོ་ཁམས་ཏྲེ་ཧོར་དཀར་མཛེས་དགོན་དུ་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བ།
གསར་གནས།
འབྲེལ་གནས།