༢༠༡༡ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །འདི་གར་སྤྱི་ཟུར་བེ་རི་འཇིགས་མེད་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ལོར་ ཟླ་ ༡༠ཚེས་ ༡༩ ཉིན་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་ཡོད་དོ་ཅོག་གིས་ཉིན་བརྒྱ་དུས་གཅིག་ཏུ་ཞི་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་དང་བསྟུན། ཝ་ཎ་མཐོ་སློབ་ཀྱི་གཞོན་ནུ་དང་བླངས་རུ་ཁག་གི་གོ་སྒྲིག་འོག ས་རཱ་ན་ཐ། རངས་གོ་ལིར། ཝ་རཱ་ཎ་སི་མཐོ་རིམ་སློབ་གྲྭ་དང་། ཉེར་ཁོར་དགོན་སྡེ་ཁག། ས་ཁུལ་བོད་རིགས་སུད་ཚོང་། ཧི་མ་ལ་ཡའི་མི་དམངས་བཅས་མཉམ་རུབ་ཀྱི་ཁྱོན་མི་གྲངས་ ༥༠༠ བརྒལ་བས་ཞི་བའི་ཟས་བཅད་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་གནང་ཡོད།
ལས་འགུལ་དེའི་ནང་བོད་མི་དམངས་སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་དང་། སྤྱི་ཟུར་བེ་རི་འཇིགས་མེད་ལགས། ས་གནས་རང་བདེན་ཚོགས་གཙོ་བྱམས་པ་བསམ་གཏན་ལགས། འཕགས་བོད་མཛའ་འབྲེལ་ཚོགས་པའི་བློ་བཟང་ནོར་བུ་ཤཱསྟྲཱི་སོགས་ཀྱིས་བོད་ཀྱི་གནས་བབ་དང་། ད་ལྟའི་ཛ་དྲག་གི་གནས་སྟངས། རང་གཞུང་གི་ལངས་ཕྱོགས་སོགས་ཀྱི་གསུང་བཤད་གནང་། དེ་བཞིན་མཐོ་སློབ་ཀྱི་སློབ་མ་ཚོས་སེམས་ཤུགས་དང་ལ་རྒྱའི་གསུང་བཤད་རྒྱ་ཆེར་སྤེལ་ཡོད།
དེ་རྗེས་སྤྱི་ཟུར་བེ་རི་འཇིགས་མེད་ཀྱིས་སྣེ་ཁྲིད་ནས་མང་ཚོགས་རང་འགུལ་གྱིས་རང་ཁྲག་བཏོན་ནས། རས་གཞི་དཀར་པོའི་ཐོག བོད་ཧིན་དབྱིན་རྒྱའི་སྐད་ཡིག་བཞིའི་ཐོག་ནས། “འཆི་ལ་ཉེ་བའི་བོད་སྐྱོབས་རོགས།” ཞེས་བྲིས་པའི་གོང་འོག་ཏུ་ཚོགས་ཞུགས་པ་ཡོངས་ཀྱིས་ས་རྟགས་བཀོད་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་གསར་འགོད་པ། NNIS,GNNTV,ANITV,NDTV,NDTV,Times of India, The Hindustan Times,བཅས་ཀྱིས་ཚོར་བ་རྣོན་པོའི་སྒོ་ནས་འདྲ་པར་དང་བརྙན་པར་བཏབ་པ་མ་ཟད། ཚོགས་ཞུགས་པ་མང་པོ་བཅར་འདྲི་ཞུས་པ་དང་། ཕྱི་ཁག་ནས་སླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོས། ཚོར་སྣང་ཆེན་པོའི་ཐོག་ནས་པར་ལེན་དང་དྲི་བ་བཏང་བ་སོགས་བྱས་ཡོད། ས་ཁུལ་མཐོ་སློབ་སློབ་མ་ཁག་དང་། སུད་ཚོང་པ། ས་ཁུལ་དགོན་སྡེ་ཁག་རྣམས་མ་གྲོས་གཅིག་མཐུན་གྱིས། རང་གཞུང་གི་ལངས་ཕྱོགས་གཞི་རྩར་འཛིན་ཏེ་བདེན་པའི་རྒྱབ་ལོང་དང་། ཞི་བའི་ལས་འགུལ་དུས་ནས་དུས་སུ་མཚམས་འཇོག་མེད་པར་སྤེལ་རྒྱུའི་གསུང་བཤད་གནང་ཡོད་པ་བཅས།།