༢༠༡༡ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་ཐོག་བོད་ནས་འཁྱེར་ཡོང་བའི་ས་སྤྱི་རྒྱ་ ༢༠༠༠༠ ཙམ་ཡོད་པའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད། དེ་ཡང་བོད་མི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཟླ་བ་ ༡༧ ཙམ་རིང་དཀའ་ངལ་ཁྱད་གསད་ཐོག་རང་གིས་མཐོང་མ་མྱོང་བ་དང་རང་སར་གོམ་པ་སྤོ་མྱོང་མེད་པའི་རྣམས་ཀྱི་ཆེད་དུ་བོད་ནས་ས་ཁྱེར་ཏེ་སྒྱུ་རྩལ་གྱི་ལམ་ནས་བོད་དོན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། བཀའ་ཁྲི་མཆོག་གིས་བོད་ས་འགྲེམས་སྟོན་གྱི་ལས་འགུལ་དབུ་འབྱེད་གནང་བ་དང་སྦྲགས་གསུང་དོན། ལས་འགུལ་འདི་ལྟ་བུ་ཞིག་སྤེལ་ཐུབ་པ་དེ་ནི་ང་ཚོ་ཉིན་གཅིག་གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་སྒྲིག་པ་ལྟ་བུ་ཞིག་ཚོར་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། སྐབས་དེར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་བཞིས་བོད་སའི་སྟེང་ལངས་ཏེ་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་གིས་གླིང་བུའི་ལམ་ནས་བདེན་ཚིག་སྨོན་ལམ་དབྱངས་སུ་བླངས། ཕྱོགས་མཚུངས་རྒྱ་གར་དུ་སྐྱེས་པའི་སློབ་མ་ཁག་གཅིག་ནས་ང་ཚོ་ཚང་མ་བོད་ལ་ལོག ཅེས་པའི་མཉམ་གཞས་ཀྱང་བཏང་ཡོད། དེ་རྗེས་རང་ཡུལ་གྱི་སའི་སྟེང་འགྲོ་མ་མྱོང་བའི་མང་ཚོགས་རྣམས་ལ་བོད་ས་དེ་དག་བཀྲམ་ཡོད་པའི་སྟེང་གོམ་འགྲོས་བྱ་རྒྱུའི་གོ་ཐོབ་ཡོད་ལ་རང་སའི་སྟེང་གོམ་འགྲོས་བྱས་པའི་རང་གི་མྱོང་ཚོར་ཇི་བྱུང་ཤོག་བུའི་སྟེང་བྲིས་ཏེ་མང་ཚོགས་རྒན་དར་གཞོན་གསུམ་གྱི་བསམ་ཚུལ་རྣམས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད། དེ་བཞིན་ཆུ་ཚོད་ ༡༡ ཐོག་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད། བོད་མི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ས་འགྲེམས་སྟོན་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བའི་རྒྱུ་མཚན་གཙོ་བོ་ནི་ཁོང་གི་ཕ་དམ་པས་མ་འཆི་སྔོན་དུ་བོད་ལ་ཐེངས་གཅིག་བསླེབ་ཐུབ་པ་བྱ་རྒྱུའི་རེ་འདུན་བཅངས་ཡོད་ཀྱང་དམིགས་ཡུལ་དེ་དངོས་སུ་གྲུབ་ཐུབ་མེད་པར་བརྟེན། བོད་ནས་ཕྱི་ལོ་ ༡༩༥༩ ལོར་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་ཀྱིས་བོད་ས་དང་ཁ་གྱེས་ཏེ་མི་ལོ་ ༥༠ ལྷག་ཕྱིན་པ་དང་རྒྱ་གར་དུ་འཚར་ལོང་བྱུང་བའི་བོད་མི་ཚོས་རང་ཡུལ་གྱི་སའི་སྟེང་འགྲོ་རྒྱུ་ལྟ་ཞོག་མིག་གིས་ཀྱང་དངོས་སུ་མཐོང་མྱོང་མེད་སྟབས། ལས་འགུལ་དེ་སྤེལ་བ་ཡིན་སྐོར་གསལ་བཤད་གནང་ཡོད། བོད་ས་འགྲེམས་སྟོན་གྱི་ལས་འགུལ་དེ་རྡ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཉིན་གསུམ་རིང་ཤམ་སྟོན་གནང་རྒྱུ་ཡིན་འདུག སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ནི་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱེད་བཞིན་ཡོད་པ་མ་ཟད། ཁོང་གིས་ད་བར་སྒྱུ་རྩལ་གྱི་འགྲེམས་སྟོན་ཕྱི་རྒྱལ་ཡུལ་གྲུ་དབྱིན་ཡུལ་དང་རྒྱ་ནག ཉི་ཧོང་། ཨི་སི་རེལ། སི་པེན། རྒྱ་གར་བཅས་ཀྱི་ནང་གནང་ཡོད་པ་བཅས།།