༢༠༡༡ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །འདི་གར་དབྱིན་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཉིན་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་ཡོངས་ཁྱབ་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་བའི་དགོངས་དོན་ལྟར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་ཀ་ཡི་ལ་ཤི་ཚོགས་ཁང་ནང་སྐུ་ཚབ་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་གཉིས་ནས་གོ་སྒྲིག་འོག་གཞིས་ལུས་མི་མང་རྣམས་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན་སྔ་དྲོ་ཆུ་ཚོད་བཅུ་པ་ནས་འགོ་འཛུགས་ཀྱིས་དགོང་དྲོ་ཆུ་ཚོད་ལྔ་པ་བར་དགེ་བཤེས་བཀྲིས་ལགས་དབུ་བཞུགས་ཐོག་བོད་མི་རྣམས་ནས་ཟས་བཅད་ངོ་རྒོལ་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད། སྐབས་དེར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྨོན་ལམ་མཆོད་འབུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་སྐབས་བོད་ནང་རྒྱ་གཞུང་གིས་དམ་བསྒྲགས་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཏེ་བོད་མི་སེར་སྐྱ་དགུ་པོས་རང་ལུས་ཞུགས་མེར་བསྒྲོན་ཡོད་སྐོར་དང་། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་མི་རེ་ངོ་རེ་ནས་འགན་འཁུར་ཐོག་བོད་ནང་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྔར་ལས་དོ་སྣང་ཆེ་བ་སླེབས་ཐབས་བྱེད་དགོས་ཞེས་གསུངས་ཡོད། དེ་བཞིན་དགོངས་དྲོ་ཆུ་ཚོད་ ༦ ནས་ ༨ བར་དབྱིན་ཡུལ་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་གོ་སྒྲིག་འོག་རྒྱ་མི་གཞུང་ཚབ་མདུན་དུ་ཞི་བའི་ངོ་རྒོལ་གནང་ཡོད་པ་མ་ཟད། ཉིན་ཤས་སྔོན་ས་གནས་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་སྙན་ཞུ་འབུལ་གཏོང་དང་ཡིག་ཆ་འགྲེམས་སྤེལ། རྒྱ་ནག་གཞུང་ཚབ་མདུན་དུ་སྐད་འབོད་དང་མར་མེའི་ཁྲོམ་སྐོར་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་མཚུངས་ཁྱབ་ཁོངས་རྒྱལ་ཁབ་ནོར་ཝེ་དང་། ཌན་མཀ པོ་ལེན་ཌེ། སུ་ཌན། ཨའི་ལེན་ཌེ་བཅས་ནང་ཞི་བའི་ཟས་བཅད་མཆོད་འབུལ་དང་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། དབྱིན་ཡུལ་དང་ཁྱབ་ཁོངས་ས་གནས་མང་པོ་ནང་ཉིན་ཤས་རྗེས་སླར་ཡང་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེ་དང་། རྒྱ་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན་འདུག་པ་བཅས།།