༢༠༡༡ ཟླ་ ༡༠ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་འདུ་འཛོམས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ལྔ་དང་། བོད་ཀྱི་ཚོགས་པ་(Tibet Society) ཞེས་པ་ནས་སྐུ་ཚབ་གཉིས་ཕེབས་པ་རྣམས་གསར་འགོད་པ་ཚོར་ངོ་སྤྲོད་གནང་བ་དང་སྦྲགས་གསུང་བཤད་གནང་དོན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག དེ་བཞིན་ཕྱི་དྲིལ་ལས་ཁུངས་བཅས་ཀྱིས་དུས་ནས་དུས་སུ་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་རྡ་སར་གདན་ཞུས་ཐོག་གཟིགས་སྐོར་གནང་བ་ཙམ་མ་ཟད། ཁོང་ཚོ་དང་ལྷན་བོད་དོན་ཐོག་གོ་བསྡུར་གནང་རྒྱུའི་མཚོན་ལས་དོན་སྤེལ་བཞིན་ཡོད། འདས་པའི་ཉིན་གྲངས་ ༡༥ །༢༠ རིང་ཉི་ཧོང་ནས་གྲོས་ཚོགས་འཐུས་མི་གཉིས་དང་སྐུ་ཚབ་ཁག་གཅིག་རྡ་སར་གཟིགས་སྐོར་ཕེབས་ཡོད། དེ་དང་ཕྱོགས་མཚུངས་ཕྱི་ཟླ་ ༩ པའི་ཟླ་མཇུག་དང་ ༡༠ ཟླ་འགོར་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་གསུམ་དང་བོད་པའི་གྲོགས་པོ་ཁག་གཅིག དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ལྔ་འདི་གར་ཕེབས་ཡོད། ཐོག་མའི་ཆར་གྲོས་ཚོགས་ཀྱི་འཐུས་མི་དྲུག་ཕེབས་འཆར་ཡོད་ཀྱང་གཅིག་ཕེབས་ཐུབ་མེད། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་གྲོས་ཚོགས་འཐུས་མི་ཕར་འགྲོ་ཚུར་འོང་གི་ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༠༦ ལོ་ནས་འགོ་བཙུགས་བྱས་ཡོད། ལས་འགུལ་གོ་སྒྲིག་ཞུ་མཁན་དེ་༴(Tibet Society) ཚོགས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕེ་བྷི་ཡན་ཧེ་མིལ་ཊོན་(Mr.Fabian Hamilton)མཆོག་གིས་གསུང་བཤད་གནང་དོན། ང་ཚོ་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོ་བཞུགས་སྒར་དུ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། འདིར་ང་ཚོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ནས་སྣེ་ལེན་གཟབ་རྒྱས་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེ་བཞིན་(Tibet Society) ངོས་ནས་ལས་རིམ་འདི་བཞིན་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུ་རྒྱུ་བྱུང་བ་དེ་ལས་དོན་གལ་ཆེ་ཤོས་ཤིག་ཏུ་རྩིས་ན་ཧ་ལམ་འགྲིག་གི་ཡོད། ང་རང་ལ་ཆ་བཞག་ན་ཕྱི་ལོ་ ༢༠༠༧ ལོར་༉༸གོང་ས་མཆོག་མཇལ་ཏེ་ཁོང་གི་དགོངས་ཚུལ་ཉན་རྒྱུའི་གོ་སྐབས་དམིགས་བསལ་ཞིག་ཐོབ་བྱུང། དུས་དེ་ནས་བཟུང་ངའི་བསམ་བློར་འགྱུར་བ་ཆེན་པོ་ཞིག་ཐེབས་བྱུང། ཐེངས་འདིར་ཡང་ཕྱི་ཚེས་ ༤ ཉིན་༸གོང་ས་མཆོག་དང་མཇལ་སྐབས་གནད་དོན་མང་པོ་ཞིག་གི་ཐོག་བཀའ་མོལ་ཞུ་རྒྱུ་བྱུང། དེའི་ཁྲོད་གནད་དོན་གཙོ་བོ་གཉིས་ནི། དང་པོ། བོད་ནང་གི་བོད་རིགས་སློབ་ཕྲུག་རྣམས་ལ་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་སྦྱོང་ཆེད་སློབ་ཡོན་རོགས་རམ་གནང་རྒྱུའི་ཐོག་བཀའ་བསྡུར་བྱུང། ང་ཚོས་བོད་ཀྱི་ས་ཁུལ་འདྲ་མིན་ནས་བོད་རིགས་སློབ་ཕྲུག་ལ་དབྱིན་ཡུལ་དུ་སློབ་སྦྱོང་ཆེད་རོགས་སྐྱོར་བྱེད་རྒྱུར་དགའ་མོས་ཡོད། གནད་དོན་གཉིས་པ། རྒྱ་ནག་མི་མང་དང་འབྲེལ་བ་བྱས་ཏེ་འདས་པའི་ལོ་ ༥༠།༦༠ ནས་འབྱུང་བཞིན་པའི་བོད་ནང་གི་དངོས་ཡོད་གནས་སྟངས་དེ་དག་རྒྱ་ནག་མི་མང་ཚོར་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ཐོག་བཀའ་མོལ་བྱུང། སྐབས་དེར་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་སོང། འདས་པའི་ལོ་བརྒྱ་ཕྲག་རིང་བོད་རྒྱའི་དབར་དངོས་ཡོད་བྱུང་རབས་ཀྱི་ལོ་རྒྱུས་དེ་དག་རྒྱ་ནག་མི་དམངས་ཚོས་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་།
ཡང་ཁོང་གིས་ཐེངས་འདིའི་བལྟ་སྐོར་གྱི་ལས་རིམ་ནང་བོད་ཀྱི་ཟློས་གར་ཚོགས་པར་རིག་གཞུང་འཁྲབ་སྟོན་དེ་དག་སེམས་ལ་འཇུག་པོ་ཞིག་བྱུང་ཞེས་གསུངས་ཡོད་པ་མ་ཟད། འཁྲབ་སྟོན་པ་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཆེད་འབད་བརྩོན་བྱས་པར་འཚམས་འདྲི་དང་བསྔགས་བརྗོད་ཞུས་ཡོད། དེ་བཞིན་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་དགོང་དྲོའི་གསོལ་སྟོན་སྐབས་སྤྱི་འཐུས་རྣམ་པ་དང་ལྷན་དུ་ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས། ཕྱོགས་མཚུངས་ཁོང་གིས་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་དང། དབུས་སྣེ་ལེན་ཁང་དུ་ཉེ་ཆར་བོད་ནས་ཕེབས་པའི་ཕྲུ་གུ་དང་གཞོན་སྐྱེས་ཁག་གཅིག་ཐུག་རྒྱུའི་གོ་སྐབས་བྱུང་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད། གཞན་ཡང་གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་ཀྱང་ད་ཐེངས་ཀྱི་ལྟ་སྐོར་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས་ཁོང་རྣམ་པར་༸གོང་ས་མཆོག་མཇལ་རྒྱུ་བྱུང་བར་དགའ་སྤོབས་དང་། བོད་མི་རྣམས་ལ་གདུང་སེམས་སྐྱེ་དང་རྒྱབ་སྐྱོར་ཡོད་པ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དུས་རབས་ ༡༤ པའི་ཡིག་ཆ་དེ་དག་བཅོས་མིན་ཐོག་བདག་ཉར་ཧ་ཅང་ཡག་པོ་བྱས་པར་བསྔགས་བརྗོད་གནང། དེ་བཞིན་དྲི་བ་དྲིས་ལན་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་སྐད་ཐོག་བྷི་བྷི་སི་གསར་འགྱུར་བརྙན་འཕྲིན་གྱི་ལས་རིམ་ཞིག་གསར་འཛུགས་བྱེད་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་། དེ་བཞིན་ཁོང་རྣམས་རང་ཡུལ་དུ་ཕྱིར་ལོག་སྟེ་ལོ་རྗེས་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་གདན་ཞུ་ཐོག་བོད་ཀྱི་གནད་དོན་གྲོས་ཚོགས་སུ་གླེང་ཐུབ་པ་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་མ་ཟད། འདི་ལོའི་ཟླ་མཇུག་ཏུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལོན་ཌོན་དུ་ཕེབས་རྒྱུ་ཡིན་པ་དང་། བཀའ་ཁྲི་མཆོག་དབྱིན་ཡུལ་དུ་ཕེབས་པ་དང་སྟབས་བསྟུན། གྲོས་ཚོགས་སུ་བོད་མིའི་རང་དབང་གི་གནད་དོན་དང་འབྲེལ་བའི་སྐོར་གླེང་རྒྱུ་ཡིན་སྐོར་གསུང་བཤད་གནང་ཡོད་པ་བཅས།།
དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བ།
གསར་གནས།
འབྲེལ་གནས།