༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད ༩།༣༠ ཐོག་ཕ་བདེ་ལེགས་ལགས་དང་མ་སྒྲོན་མཚོ་ལགས་གཉིས་སུ་སྐྱེས་པའི་ཁམས་དཀར་མཛེས་དགོན་པའི་དགེ་འདུན་པ་རང་ལོ་ ༣༨ ལ་སོན་པ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
དེ་ཡང་རྒྱུན་སྲོལ་ལྟར་དེ་ཉིན་དཀར་མཛེས་དགོན་དུ་དུས་གཏོར་ཚོགས་པའི་སྐབས་ཡིན་ཞིང་དུས་གཏོར་འཆམ་རའི་ནང་དགེ་འདུན་འདུས་ཚོགས་དང་དད་ལྡན་ཡུལ་མི་གང་ཙམ་ཞིག་འཛོམས་ཡོད་པའི་སྐབས་དེར་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་ལ་ས་སྣུམ་བཤོས་ནས་མེ་སྤར་ཏེ་མེ་ལྕེའི་གསེབ་ནས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཞེས་པའི་འབོད་སྒྲ་བསྒྲགས་ཡོད་པ་ཉེ་འཁོར་བ་རྣམས་ཀྱིས་གསལ་ཤོས་ཐོས་ཡོད་འདུག གློ་བུར་དུ་མེས་ཤུགས་ཆེར་འཚིགས་ནས་འགྱེལ་འདུག སྐབས་དེར་དགེ་འདུན་པ་དང་ཡུལ་མི་ཚོས་སྐྱོབ་ཐབས་གང་དྲག་བྱས་ཀྱང་། མེ་ལྕེ་འབར་ཤུགས་ཆེ་དྲགས་པས་མེ་གསོད་ཐུབ་མེད། ཁོང་སར་མར་འགྱེལ་རྗེས་དགེ་འདུན་པ་ཚོས་ལམ་སེང་སྨན་ཁང་དུ་བསྐྱལ་འདུག འོན་ཀྱང་དྲག་མཚོན་ཐོགས་པའི་རྒྱ་དམག་བརྒྱ་ཕྲག་མང་པོས། སྨན་ཁང་ཕྱི་བསྐོར་ནང་བསྐོར་བྱས་ནས་ཧ་ལམ་སྨན་ཁང་དེའི་ནང་དགྲ་དམག་དཔུང་སྡེ་ཆེན་པོ་ཞིག་ཡོད་པ་ལྟ་བུ་བྱས་འདུག བོད་རིགས་སྐྱ་སེར་མི་དམངས་ཚོས་ཡ་ང་བའི་དགེ་འདུན་པ་འཆི་མིན་གསོན་མིན་དེ་ཉིད་ཀྱི་ལུས་སེམས་ཀྱི་གནས་བབ་དང་། ད་དུང་བོད་རིགས་རྒྱ་ཆེའི་མི་མང་ཐོག རྒྱ་དམག་གིས་ཉམ་ཆུང་སྒང་ལ་རྡོག་རྫིས་གཏོང་པའི་བྱེད་བབ་དེ་དག་ལ་སེམས་ཀྱིས་མ་བཟོད་པར། མི་དམངས་མང་པོས་སྡེབ་གཅིག་ཏུ་ངུ་ཤར་བརྒྱབ་པ་སོགས་བྱུང་འདུག རྒྱུན་རིང་མ་འགོར་བར་དགེ་འདུན་དེ་ཉིད་སྨན་ཁང་ནས་ཕྱིར་ཁྲིད་འདུག ཁྲིད་མཁན་དཀར་དགོན་གྲྭ་གྲོགས་ཚོ་རེད་འདུག སྨན་ཁང་ནས་ཕྱིར་ཁྲིད་བྱས་པའི་རྒྱུ་མཚན་ད་དུང་མ་ཤེས། ད་ལྟ་ཚོད་དཔག་བྱེད་གསལ་ལྟར་ན། མི་དམངས་ཚོས་ཁོང་ཕལ་ཆེར་དྲག་སྐྱེད་ཐུབ་རེ་བྱེད་ཀྱི་ཡོད་འདུག གལ་ཏེ་དྲག་སྐྱེད་བྱུང་བར་ཆ་བཞག་ན་རྒྱ་གཞུང་གིས་ག་རེ་བྱེད་མིན་ཐོག མི་མང་ཚོས་ཁོང་འདས་གྲོངས་སུ་གྱུར་བ་ལས་ཀྱང་སེམས་ཁྲལ་དང་ཞེད་སྣང་ཆེ་བ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་གི་མིང་འདོགས་ལ། ཅིང་ཀོང་ཟེར་ཞིང་སྐྱེས་ཡུལ་ཏྲེ་ཧོར་དཀར་མཛེས་ཁུལ་དཀར་མཛེས་རྫོང་། དཀར་མཛེས་གྲོང་བརྡལ་གྱི་ཁྲོན་པེ་ཤང། དཀར་མཛེས་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་། དགོན་པ་དེར་ཁམས་ཚན་བཅུ་ཡོད་པའི་ནང་ཚན་ནས་ཁོང་ཁྲོན་པེ་ཁམས་ཚན་ནས་ཡིན་འདུག་པ་བཅས། །
དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བ།
གསར་གནས།
འབྲེལ་གནས།