༢༠༡༡ ཟླ་ ༡༠ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་བོད་ཟླ་ ༡༡ ཚེས་ ༧ ནས་ཚེས་ ༡༦། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ ༢༠༡༢ ཟླ་ ༡ ཚེས་ ༡༠ བར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་སྩལ་གཏན་འཁེལ་བའི་སྐལ་བཟང་གི་གོ་སྐབས་དང་བསྟུན། བོད་སྤྱི་མཐུན་གྱི་ཚོགས་གསོག་སྒྲིབ་སྦྱོང་རྒྱ་གང་ཆེ་ནས་ཞུ་རྒྱུའི་དམིགས་ ཡུལ་དང་བཅས། ར་ལུག་བ་ཕྱུགས་སོགས་སེམས་ཅན་རྣམས་ཀྱང་དུས་མིན་འཆི་རྐྱེན་དུ་མ་སོང་བ་དང་། ཆོས་ཕྱོགས་ཀྱི་ལས་དོན་དག་ཀྱང་སྦྱོར་དངོས་རྗེས་གསུམ་ནས་དམ་པའི་ཆོས་སུ་འགྲོ་བ། ཤ་ཡིས་རྐྱེན་པའི་ནད་ཡམས་རིགས་ཀྱང་མངོན་འགོག་ཐུབ་པ་སོགས་དགེ་མཚན་དུ་མ་ཡོད་པ་ལ་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཐུགས་ སྣང་གཞེན་སྐུལ་ཡང་བྱུང་དོན་བཞིན། དུས་འཁོར་དབང་ཆེན་གནང་ཡུན་རིང་རྡོར་གདན་དུ་བཅར་བཞུགས་མི་མང་ཡོངས་ཀྱིས་དམར་ ཟས་སྤོང་ཞིང་དཀར་ཟས་ཁོ་ནར་སྤྱོད་ཐུབ་པར་དོ་ནན་ཆེན་པོས་དགེ་བསྐུལ་ཞུ་བ་ལགས་ ན། འབྲེལ་ཡོད་དུས་དབང་ཐེངས་སོ་གཉིས་པའི་གོ་སྒྲིག་ཚོགས་ཆུང་དང་། དེ་མིན་ས་གནས་སུ་ཟ་ཁང་འཛུགས་གཉེར་བ་རྣམས་ནས་ཀྱང་མཐུན་འགྱུར་གང་ཡོང་གནང་ སྐྱོང་ཡོང་བ་བཅས་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ ལ།།
གལ་ཆེའི་འབོད་བསྐུལ་གསལ་བསྒྲགས།
གསར་གནས།
འབྲེལ་གནས།