༢༠༡༡ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཱ་ཌ་གེར་(Richard Gere)ལགས་ཀྱིས་སྲི་ཞུའི་ལས་བྱེད་རྣམས་ལ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་དང་ཉམས་མྱོང་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད། དེ་ཡང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ལྷན་ཚོགས་ཁང་དུ་ཕེབས་སྐབས་ལས་བྱེད་ཚང་མས་དགའ་བསུའི་ཐལ་མོ་བརྡབས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་བཞུགས་གྲལ་དུ་འཁོད་མཚམས། ཐོག་མར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན།
བོད་མི་ཚོས་ཁོང་ལ་ཅོ་རི་ཆཱ་ཌ་ཞེས་སེམས་ཐག་ཉེ་པོ་བྱེད་བཞིན་ཡོད། ཁོང་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་གྱི་ཚོགས་གཙོ་ཡིན་པ་དང། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་བོད་ཁང་གསར་འཛུགས་གནང་མཁན་ཡིན་པ་མ་ཟད། རྒྱལ་སྤྱིའི་བོད་ཀྱི་ལོ་ཞེས་པའི་ལས་འགུལ་བརྒྱུད་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་ཤུགས་ཆེ་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་ཞབས་རི་ཆཱ་ཌ་གེར་ལགས་ཀྱིས་ཐོག་མར་རང་ཉིད་བྱིས་པའི་སྐབས་ནས་འཚར་ལོངས་བྱུང་སྟངས་དང་གློག་བརྙན་ནང་འཛུལ་ཞུགས་གནང་སྟངས་སྐོར། དེ་རྗེས་ནང་ཆོས་ལ་དོ་སྣང་བྱུང་ཚུལ་སོགས་འགྲེལ་བཤད་གནང་བ་མ་ཟད། ཕྱི་ལོ་ ༡༩༧༠ ལོར་བལ་ཡུལ་དུ་བསྐྱོད་སྐབས་བོད་མི་ཚོ་དང་ཐོག་མར་འབྲེལ་བ་བྱུང་ཡོད་ཅིང། སྐབས་དེར་བོད་མི་ཚོར་ཕ་མེས་ནས་བརྒྱུད་པའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་འབྲེལ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ཁོང་ལ་མྱོང་ཚོར་ཧ་ཅང་ཆེན་པོ་བྱུང་འདུག དེར་བརྟེན་ཁོང་ཉིད་དངོས་སུ་བོད་དུ་ཕེབས་འདོད་བྱུང་ཡོད་ཀྱང་རྩོམ་པ་པོ་སྐུ་ཞབས་ཇོན་ཨེ་ཝེ་ཌོན་(John FAvedon)ལགས་ཀྱིས་རྡ་སར་བསྐྱོད་ན་བཟང་ཚུལ་གྱི་བསམ་ཚུལ་བཏོན་པ་ལྟར་ཕྱི་ལོ་ ༡༩༧༨ ལོར་རྡ་སར་ཐོག་མར་ཕེབས་པའི་སྐོར། དེ་ནས་རིམ་བཞིན་སྐུའི་གཅུང་པོ་མངའ་རི་རིན་པོ་ཆེས་བཞུགས་སྒར་ཕོ་བྲང་དུ་མཚམས་འབྱོར་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་སྐོར་སོགས་འགྲེལ་བརྗོད་གནང་ཡོད།
ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་སྐུ་ཞབས་རི་ཆཱ་ཌ་གེར་ལགས་ནི་བོད་མི་ཚོའི་གྲོགས་པོ་བློ་ཐུབ་གཅིག་ཡིན་པ་དང་ཁོང་གིས་རང་ཉིད་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་ཆེད་བློས་བཏང་ཧ་ཅང་ཆེན་པོ་གནང་ཡོད་པ་ནི་བོད་མི་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མཚན་ཐོག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་བཀའ་དྲིན་རྗེས་དྲན་ཞུ་སྐབས་སྲི་ཞུའི་ལས་བྱེད་ཡོངས་ཀྱིས་དགའ་བསུའི་འཚམས་འདྲི་མཚོན་ཆེད་ཐལ་མོ་བརྡབས། གསུང་བཤད་གྲུབ་བསྟུན་ཚོགས་བཅར་བའི་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་ཚོགས་བཅར་བ་ཞིག་གིས་ལོ་བཅུའི་རིང་བོད་མིའི་འཐབ་རྩོད་ཀྱི་ངོ་བོར་བཟང་ངན་གྱི་འགྱུར་བ་གང་གཟིགས་ཡོད་མེད་ཀྱི་དྲི་བ་ཕུལ་བར། ཁོང་གིས་བོད་མི་ཚོས་ཆིག་སྒྲིལ་ཐོག་བོད་ཀྱི་རྩ་དོན་ཆེད་འཐབ་རྩོད་ཀྱི་ཆོད་སེམས་ནི་འགྱུར་བ་མེད་པ་ཞིག་ཡིན་པ་མ་ཟད། ལྷག་པར་འདས་པའི་མི་རབས་གཉིས་དང་ད་ལྟའི་མི་རབས་བཅས་མི་ཐོག་གསུམ་གྱིས་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ཡར་རྒྱས་ཀྱི་གོམ་པ་མདུན་སྤོས་གནང་འདུག་ཅེས་གསུངས། ཕྱོགས་མཚུངས་ཁོང་གིས་བཙན་བྱོལ་བོད་མི་རྣམས་ཀྱིས་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་སོགས་ལ་ཡར་རྒྱས་གང་ཙམ་བྱུང་ཡོད་ནའང་བོད་ནང་དུ་ལས་གཞི་དེ་དག་གི་ཐོག་འཐུས་ཤོར་ཕྱིན་ཡོད་སྟབས། ང་ཚོ་ཚང་མས་བོད་ནང་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས་སྐོར་དྲན་སྐུལ་ཡང་གནང་ཡོད་པ་བཅས།།
ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཱ་ཌ་གེར་ལགས་ཀྱིས་སྲི་ཞུའི་ལས་བྱེད་རྣམས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།