༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༨ ནས་ ༢༡ བར་ཉིན་གྲངས་བཞི་རིང་བོད་ནང་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་ལས་ཁང་ནས་གོ་སྒྲིག་ཐོག་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ཀྱིས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།
དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ལས་ཀྱི་སྣེ་མོར་གཏོགས་པའི་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ལས་བྱེད་རྣམ་པ་དང། སེར་སྐྱ་མི་མང་ཁྱོན་མི་གྲངས་ ༥༠༠ བརྒལ་བས་མེ་སོར་རྫོང་(Town hall) གི་མདུན་ཐང་དུ་ཚང་འཛོམས་ཐོག་ལུགས་བསམ་ས་གནས་འགོ་འཛིན་ཨང་གེ་ཚང་མགོན་པོ་བཀྲ་ཤིས་ཀྱིས་བོད་དབྱིན་སྐད་ཀྱི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་གྲུབ་བསྟུན། ཀི་ལོ་མི་ཊར་གསུམ་ལྷག་ཙམ་ཞི་བའི་སྐད་འབོད་ཁྲོམ་སྐོར་བྱས་ཏེ་རྫོང་དཔོན་བརྒྱུད་ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་དང་ས་གནས་འགོ་འཛིན་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་སྙན་འབུལ་ཐབས་ཞུས།
དེ་ནས་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སེར་སྐྱ་མི་མང་ཡོངས་སེ་ར་བླ་སྤྱི་དང་སེར་བྱེས་ཆོས་རར་མི་འབོར་ ༡༣༠༠༠ ཙམ་འདུ་འཛོམས་ཀྱིས་ཟས་བཅད་ངོ་རྒོལ་དང་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་མ་ཟད། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང། ཕྱོགས་བཞུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས། ལུགས་བདེ་ས་གནས་འགོ་འཛིན་བཅས་ཀྱིས་གསུང་བཤད་གནང་ཡོད། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་གཞོན་ནུ་དང་བུད་མེད་ཀྱིས་འགོ་བཙུགས་ཏེ་ལུགས་བསམ་གཞིས་གྲོང་དང་པོའི་ཉེ་འགྲམ་བྱང་ཆུབ་མཆོད་རྟེན་མདུན་ནས་རྙིང་མའི་གདན་ས་རྣམ་གྲོལ་གླིང་བར་སྐད་འབོད་ཁྲོམ་སྐོར་བྱས། དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་བྱང་ཆུབ་མཆོད་རྟེན་མདུན་དུ་བདེ་སླར་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་། ཕྱི་ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ལུགས་བསམ་གཞིས་གྲོང་དང་པོའི་ཉེ་འགྲམ་བྱང་ཆུབ་མཆོད་རྟེན་མདུན་ནས་རྣམ་གྲོལ་གླིང་དགོན་པ་བར་གཞུང་འབྲེལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སྐབས་གཞོན་སྐྱེས་དང་། སློབ་ཕྲུག སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༡༤༠༠༠ ཙམ་མཉམ་ཞུགས་བྱས་ཡོད། དེ་རྗེས་རྣམ་གྲོལ་གླིང་མདུན་ཐང་དུ་སྦེལ་ཀོབ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་(Mr.Sadha Shivapa) ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་ཡོད། གཞན་ཡང་གདུང་སེམས་མཉམ་སྐྱེའི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་རྣམས་དབྱིན་ཡིག་དང་ཀར་ན་ཊ་ཀའི་སྐད་ཡིག་ཐོག་མངའ་སྡེའི་ཚགས་ཤོག་ཁག་གཅིག་གི་ནང་སྤེལ་ཡོད་པ་བཅས།།
སྦེལ་ཀོབ་གཞིས་ཆགས་སུ་གདུང་སེམས་མཉམ་སྐྱེའི་ལས་འགུལ་རྒྱ་ཆེ་སྤེལ་བ།
གསར་གནས།
འབྲེལ་གནས།