༢༠༡༡ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ལྷག་བློ་ཆེ་བསྐྱེད་ཀྱི་ཞབས་ཞུ་ཡུན་རིང་གནང་མཁན་ལས་བྱེད་ཟུར་པ་བློ་བཟང་བསྟན་འཛིན་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༩ རེས་གཟའ་ཉི་མ་སྔ་དྲོའི་ཆུ་ཚོད་ ༩།༤༥ ཐོག་སྨན་བཅོས་དང་རིམ་འགྲོ་གང་གིས་བཟློག་མེད་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་དགུང་གྲངས་ ༨༦ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
བདེ་སྲུང་ལས་བྱེད་ཟུར་པ་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་ ༡༩༢༦ བོད་མདོ་སྟོད་བྲག་གཡབ་གྲོང་རེ་ཚང་ཕ་ཚེ་རིང་རྒྱལ་མཚན་དང་། མ་སྨན་ལྷ་དབང་མོ་གཉིས་ཀྱི་བུར་འཁྲུངས། བུ་དགོན་བྱམས་མདུན་དུ་ཕ་ཚེ་རིང་རྒྱལ་མཚན་གྱི་སྐུ་མཆེད་གྲོང་རེ་ཁྲི་པ་ཞེས་དགའ་ལྡན་ཁྲི་པ་ཞིག་བྱུང་། ཁོང་གིས་བྲག་གཡབ་ནང་ལོ་ངོ་བརྒྱད་ཙམ་རིང་བོད་ཡིག་འབྲི་ཀློག་གི་སློབ་སྦྱོང་གནང་བ་དང་། དེ་རྗེས་གྲོང་རེ་ཚང་གི་བུ་མོ་བཀྲ་ཤིས་དབྱངས་འཛོམས་ལ་ལྟ་རྟོགས་ཆེད་ལྷ་སར་ཕེབས། བཀྲ་ཤིས་དབྱངས་འཛོམས་ལི་ཐང་ཨ་འབྲུག་ཚང་གི་བློ་གྲོས་ཕུན་ཚོགས་མཉམ་དུ་འབྲེལ་བ་ཆགས་རྐྱེན་ཁོང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་དྲུང་ཡིག་ཆགས།
ཕྱི་ལོ་ ༡༩༥༧ ལོར་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་ཁྲི་ཕུལ་སྐབས་ཚོགས་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༥༨ ལོར་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དྲུང་ཡིག་གི་ལས་འཁུར་ཞུས་ཏེ་བོད་ས་ལྷོ་བྱང་གཉིས་སུ་བསྐྱོད་ནས་རྒྱ་དམར་དང་དགྲ་འཐབ་ཐེངས་ ༡༣ ཙམ་གནང་།
ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དམར་སྒོ་ལ་བརྒྱུད་མི་ས་མ་རིར་བཙན་བྱོལ་བོད་མིའི་སྡོད་སྒར་དུ་ཕེབས་འབྱོར་གྱིས་ཕྱི་ལོ་ ༡༩༦༠ ཟླ་ ༡ ཚེས་ ༡ ནས་བཟུང་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་དབུ་ཁྲིད་འོག་ཕྱི་ལོ་ ༡༩༧༦ ཟླ་ ༢ ཟླ་མཇུག་བར་བོད་གཞུང་དམངས་ཀྱི་སླད་དུ་ཌེ་ཌོན་དང་སློབ་དང་། དེ་རྗེས་གློ་དམག་སྒར་བཅས་སུ་ཞབས་ཞུ་ཧུར་ཐག་ཞུས་པར་བརྟེན་ཕྱི་ལོ་ ༡༩༧༧ ཟླ་ ༡༢ ཚེས་ ༡ ཉིན་ནས་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་གི་གཟིགས་སྐྱོང་འོག་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ཞབས་ཞུར་བཅར། དེ་ནས་ཕྱི་ལོ་ ༡༩༧༧ ཟླ་ ༡ ཚེས་ ༡ ཉིན་གནས་དགུ་པ་ཚོད་ལྟའི་ཐོག་བོད་གནས་ཉམས་ཞིབ་ཁང་གི་གཞོན་དྲུང་ལ་བསྐོ་བཞག་གནང་བ་དང་། ཕྱི་ལོ་ ༡༩༧༧ ཟླ་ ༡༢ ཚེས་ ༡༠ གཞོན་དྲུང་གྱི་གནས་རིམ་ཐོག་ལས་ངོར་བསྐོ་བཞག ཕྱི་ལོ་ ༡༩༨༩ ཟླ་ ༩ ཚེས་ ༡ གནས་བརྒྱད་པར་གནས་སྤར་གྱིས་ཉམས་ཞིབ་རྒན་དྲུང་ལ་བསྐོ་བཞག ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ལ་ལས་འགན་རང་འཇགས་ཐོག་སྡེ་ཚན་འགན་འཛིན་ལ་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༧ ལས་འགན་རང་འཇགས་ཐོག་དྲུང་གཞོན་ལས་རོགས་སུ་གནས་སྤར། དེ་རྗེས་ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡ རྒན་ཡོལ་ལ་ཕེབས་ཡོད།
དམ་པ་ཁོང་ནི་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་སླད་རྒྱལ་གཅེས་ལྷག་བསམ་ཆེན་པོས་ཕྱག་ལས་ལོ་མང་གནང་མྱོང་མཁན་ཞིག་དང་། རྣམ་ཀུན་སྤྱི་ཚོགས་ནང་ཡ་རབས་ཞི་དུལ་དང་། ཉམ་ཆུང་ངང་ཕྱག་ལས་གནང་མཁན་ཞིག་ཡིན་པས་དམ་པ་ཁོང་གི་མཛད་རྗེས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་བ་དང་འབྲེལ། དམ་པ་དེ་ཉིད་ཀྱིས་ཚེ་རབས་མང་པོར་བྱས་བསགས་སྡིག་ལྟུང་ཐམས་ཅད་དག་ཞིང་མགྱོགས་ནས་མྱུར་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་དང་། ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་དང་རྗེས་དྲན་གུས་བཏུད་ཞུ་རྒྱུ་ཡིན། བདེ་སྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ ཉིན་ཕུལ།
ཡིད་སྐྱོའི་གནས་ཚུལ།
གསར་གནས།
འབྲེལ་གནས།