༢༠༡༡ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་ཀོ་ཡ་སན་གཙུག་ལག་སློབ་ཁང་བཙུགས་ཏེ་ལོ་ངོ་ ༡༢༥ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཤེས་རབ་སྙིང་པོའི་ཆོས་འབྲེལ་དང་མང་ཚོགས་ལ་མི་ཚེའི་དཀའ་ངལ་ལས་རྒྱལ་ཐབས་ཞེས་པའི་བརྗོད་གཞིའ་ཐོག་བཀའ་སློབ་སྩོལ་སྐབས། བཟང་སྤྱོད་ཀྱི་ཐོག་ནས་སྤྱི་ཚོགས་ནང་བསྒྱུར་བ་གཏོང་དགོས་སྐོར་བཀའ་སློབ་སྩལ་དོན། བྱམས་པ་དང་བརྩེ་བ་ཟེར་བ་ནི་འཇིག་རྟེན་ཀུན་ལ་ཁྱབ་པ་ཞིག་རེད། དེར་བརྟེན་བཟང་སྤྱོད་དེ་དག་གིས་ཐོག་ནས་སྤྱི་ཚོགས་ནང་བསྒྱུར་བ་གཏོང་ཐབས་བྱེད་དགོས། ཉི་ཧོང་པ་ཚོ་དང་ལྷག་པར་ཤེས་ཡོན་ལྡན་པའི་མི་སྣ་ཚོས་མིའི་སེམས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ།
བཟོད་བསྲན་སོགས་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུའི་ཤེས་ཡོན་གྱི་སྡེ་ཚན་གསར་དུ་བསྐྲུན་ཏེ་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཉི་ཧོང་པ་ཚོ་ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་ཧ་ལས་པའི་ཡར་རྒྱས་ཚད་མཐོན་པོར་སླེབས་ཡོད། ད་ཆ་ནང་སེམས་ཀྱི་རྣམ་གཞག་དང་འབྲེལ་བའི་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་བཟང་སྤྱོད་དེ་དག་ལ་སློབ་སྦྱོང་བྱས་ཏེ་ཡར་རྒྱས་ཀྱི་གོམ་སྟབས་གཉིས་པ་དེ་སྤོ་དགོས། ཕྱི་དངོས་པོའི་འཕྲུལ་ཆས་གློག་ཀླད་དང་པར་ཆས་སོགས་ཀྱིས་ནང་སེམས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཟེར་བ་ཧ་ཅང་ཁག་པོ་ཆགས་ཡོད། དེར་བརྟེན་སེམས་ཟེར་མིག་གི་མཐོང་རྒྱུ་མེད་པའི་དངོས་པོ་དེ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འབྱུང་འགྱུར་ཉི་ཧོང་དུ་སེམས་དང་སྲོག་གི་བགྲོ་གླེང་དེ་འདྲ་ཞིག་གང་མྱུར་འགོ་འཛུགས་ཐུབ་པ་བྱུང་ན་ཧ་ཅང་དགེ་ཚན་ཆེན་པོ་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ལྐོག་ཟ་རུལ་སུངས་དང་དབུལ་ཕྱུག་བར་གྱི་ཁྱད་པར་དེ་དག་དེང་དུས་སྤྱི་ཚོགས་ནང་གི་ན་ཚ་གསར་པ་ཞིག་ཆགས་ཡོད་པ་དང། ན་ཚ་དེ་དག་མིའི་བཟང་སྤྱོད་དང་དྲང་བདེན་གྱི་མ་འདང་པའི་དབང་གིས་ཡིན་སྐོར་བཀའ་སྩལ། གཞན་ཡང་སྐབས་དེར་ཉི་ཧོང་བུད་མེད་གཅིག་གིས་རང་གི་ཕྲུ་གུ་དང་འབྲེལ་བའི་སྐོར་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་ཕྲུ་གུ་དང་རང་ཉིད་དབར་གྱི་དཀའ་ངལ་དེ་དག་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་གཙོ་བོ་ཕུགས་རྒྱང་རིང་པོར་ཕྲུ་གུའི་ཁེ་ཕན་ཆེད་བསམ་བློ་གཏོང་དགོས་སྐོར་བཀའ་ལན་མཛད། གཞན་ཡང་ཉི་ཧོང་མང་ཚོགས་རྣམས་ཀྱིས་ལོ་རེ་ནས་ལོ་རེ་དོ་སྣང་ཆེ་རུ་འགྲོ་བཞིན་པ་དེར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་མ་ཟད། ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་མང་པོས་འགྲོ་སོང་ཕོན་ཆེ་བཏང་སྟེ་གྲོང་ཁྱེར་ཨོ་ས་ཀར་ཕེབས་པར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།