༢༠༡༡ ཟླ་ ༡༠ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་ཀྱི་དཔའ་བོ་དགེ་འདུན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་སྟེ་ཉིན་ཞག་ཞེ་དགུའི་བདུན་ཚིགས་དང་སྟབས་བསྟུན། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་ཡན་ལག་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་མཉམ་འབྲེལ་ཐོག་ཐེ་ཝན་ནང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བོད་ཀྱི་དཔའ་བོ་རྣམས་ལ་རྗེས་དྲན་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད།
དེ་ཡང་ལས་འགུལ་དེ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་རང་གི་གཅེས་པའི་ལུས་སྲོག་མཆོད་འབུལ་གནང་བའི་བྱས་རྗེས་དང་ཁོང་རྣམ་པའི་དམིགས་ཡུལ་རྒྱུད་འཛིན། འཛམ་གླིང་མི་མང་གིས་བོད་ཀྱི་དོན་དངོས་གནས་ཚུལ་ཤེས་རྟོགས་ཡོང་སླད་ཡིན་འདུག
དེ་ཉིན་ཐེ་ཝན་དུ་གནས་སྡོད་བོད་མིས་གཙོས་བོད་དོན་རྒྱབ་སྐྱོར་གནང་མཁན་མི་གྲངས་ ༤༩ ནས་རྐང་འཁོར་བཞོན་ཏེ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་དང་། ཆུ་ཚོད་བཞི་པའི་ཐོག་མཛད་རིམ་འགོ་འཛུགས་ཀྱིས་ཐོག་མར་ལས་འགུལ་གོ་སྒྲིག་གནང་མཁན་གྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་གྲན་ཇའེ་རུའུ་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས། རང་གི་ལུས་པོ་མེར་སྲེག་གཏོང་མཁན་བོད་ཀྱི་དཔའ་བོ་དྲུག་ལ་མྱ་ངན་གུས་འདུད་ཞུས་ཏེ། ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་རྐང་འཁོར་བཞོན་ནས་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་སྟེ་ལམ་བར་དུ་ལས་འགུལ་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་། ཚོགས་རྭའི་མདུན་ཐང་དུ་ཐེ་ཝན་ཡུལ་མི་གཞས་པ་སྐད་གྲགས་ཅན་པཱ་ནེ་བཟའ་མི་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་རོལ་དབྱངས་བཏང་བ་དང་། རྐང་འཁོར་སྐོར་སྐྱོད་གནང་མཁན་རྣམས་ཚོགས་ཪྭར་ཕྱིར་འཁོར་རྗེས་དགོང་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་བོད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པས་བསྔོ་སྨོན་གསུང་འདོན་གནང་ཡོད། ལས་འགུལ་མཇུག་བསྡོམས་སྐབས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་བཤད་དང་བོད་རིགས་ཚོགས་པའི་ཚོགས་གཙོས་མཇུག་བསྡོམས་གསུང་བཤད་གནང་སྟེ་ལས་འགུལ་མཇུག་སྒྲིལ་གནང་།
དེ་ཉིན་ཆར་རླུང་དྲག་པོ་བྱུང་ཡང་ལས་འགུལ་ནང་ཞུགས་མཁན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐོག་མའི་དམིགས་ཡུལ་གཞི་བཟུང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་བཅས། །
ཐེ་ཝན་ནང་བོད་ཀྱི་དཔའ་བོ་རྣམས་ལ་རྗེས་དྲན་གྱི་ལས་འགུལ་རྒྱ་ཆེ་སྤེལ་བ།
གསར་གནས།
འབྲེལ་གནས།