༢༠༡༡ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་དང་། རྒྱུན་ལས་བློ་རྒྱ། རྒྱུན་ལས་སྐལ་བཟང་ལྷུན་གྲུབ། བོད་རིགས་ཚོགས་པའི་སློབ་སྟོན་པ་བཀྲ་ཤིས་ཚེ་རིང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཆོས་འཕེལ་བཅས་ཚོགས་ཆུང་ཁག་གཉིས་སུ་བགོས་ནས་ལུས་ལ་བོད་ཆས་སྤྲས་ཏེ། ཐའེ་ཝན་གྱི་གཞུང་ དང་། ཐའེ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་གི་ལས་ཁུངས་སུ་བཅར་ནས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར༌དོ་སྣང་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྙན་ཕུལ་བར་བཅར་ཡོད།
ཚོགས་གཙོ་དགྲ་བཅོམ་པ་དང་། སློབ་སྟོན་པ་བཀྲ་ཤིས་ཚེ་རིང་གཉིས་ནས་ཐའེ་ཝན་གྱི་སྲིད་འཛིན་ཕོ་བྲང་དང་། གྲོས་ཚོགས་ལས་ཁུངས། སྲིད་བློན་ལས་ཁུངས། ཕྱི་སྲིད་ལས་ཁུངས། རྒྱ་ནག་སྐམ་ས་ལས་དོན་ལྷན་ཁང་བཅས་གཞུང་གི་གལ་གནད་ཆེ་བའི་ལས་ཁུངས་ཁག་དང་། དེ་བཞིན་སྲིད་དོན་ཚོགས་པ་ཆེ་ཁག་གོ་མིན་ཏང་དང་། དམངས་གཙོ་ཡར་ཐོན་ཚོགས་པ། ལྗང་ཁུ་ཚོགས་པ། མི་མང་དང་པོ་ཚོགས་པ། ཐའེ་ཝན་མཐུན་སྒྲིལ་ཚོགས་པ་བཅས་ལ་བཅར་ཡོད་པ་རེད།
ཐའེ་ཝན་གཞུང་གི་ལས་ཁུངས་ཁག་དང་ཚོགས་པ་ཁག་ནས་ཞུ་སྙན་ཕུལ་བ་ངོས་ལེན་གནང་བ་དང་རྣམ་འགྱུར་ཡག་པོ་སྟོན་ཡོད་པ་མ་ཟད། ལྷག་པར་ལྗང་ཁུ་ཚོགས་པ་ནས་གསུངས་དོན། ང་ཚོས་རྒྱུན་དུ་བོད་པར་རྒྱབ་སྐྱོར་ཡོད་པ་མ་ཟད། ང་ཚོའི་ཕྱོགས་ནས་ཁྱེད་ཚོར་རོགས་པ་གང་བྱེད་དགོས་གསུངས་རྐྱང་གནང་རོགས་ཟེར་བ་དང་། མི་མང་དང་པོ་ཚོགས་པ་ནས་ཀྱང་ང་ཚོའི་ངོས་ནས་རོགས་པ་གང་བྱེད་དགོས་གསུངས་རོགས་གནང་། ཁྱེད་རྣམ་པའི་ཞུ་དོན་གྲོས་ཚོགས་ནང་གླེང་སློང་ཡོང་ཐབས་ཞུ་རྒྱུ་ཡིན་སོགས་གསུངས་ཡོད། འོན་ཀྱང་རྒྱ་ནག་སྐམ་ས་ལས་དོན་ལྷན་ཁང་ནས་ཐོག་མར་སྙན་ཞུ་མ་བླངས་པ་དང་། ཁོང་ཚོ་དང་འབྲེལ་བ་ཆགས་ཀྱི་མེད་གནས་བརྗོད་ཡོད་ཀྱང་། བོད་མི་ཚོས་ད་རེས་ཞུ་སྙན་ཕུལ་བའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་མངའ༌འོག་ཏུ་ཡོད་པའི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་ཡོད་པས། ཐའེ་ཝན་ནང་རྒྱ་ནག་སྐམ་ས་དང་ཐད་ཀར་འབྲེལ་བ་ཡོད་མཁན་ལས་ཁུངས་གཅིག་པུ་དེ་ནི་ཁྱེད་རྣམ་པ་ཡིན་པ་སོགས་ཀྱི་འགྲེལ་བརྗོད་བྱས་མཐར། ཆུ་ཚོད་གཅིག་གི་རྗེས་ཙམ་ལ་འགན་འཛིན་ནས་སྙན་ཞུ་ལེན་མཁན་གྱི་ལས་བྱེད་གཅིག་མངགས་གཏོང་བྱས།
དེ་དང་དུས་བསྟུན་ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༡༠༨ ལ་རེ་རེ་བཞིན་ངོ་ བཅར་མ་ཐུབ་ཀྱང་སྦྲག་ཐོག་སྙན་ཞུ་ཕུལ་ཡོད།
དེ་བཞིན་རྒྱུན་ལས་བློ་རྒྱ༌དང་། རྒྱུན་ལས་སྐལ་བཟང་ལྷུན་གྲུབ། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཆོས་འཕེལ་བཅས་ནས་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ལ་བཅར་བ་དང་། ཁེ་ན་ཌ་དང་། ཨི་ཊ་ལི། སུད་སི། ཡུ་རོབ་སྤྱི་མཐུན་བཅས་ཀྱི་གཞུང་ཚབ་ངོ་མས་ཞུ་སྙན་བླངས་ཡོད་པ་མ་ཟད། ཨ་རི་དང་། འཇར་མི་ནི། དབྱིན་ཇི། ཕ་རན་སི། ཉི་ཧོང་། ལྷོ་ཨ་ཕི་རི་ཁ་སོགས་ནས་འབྲེལ་ཡོད་ལས་བྱེད་ཀྱིས་ཞུ་སྙན་བླངས་ཡོད། ཨི་ཊ་ལི་གཞུང་ཚབ་ཀྱིས་བརྗོད་དོན་ལ། བོད་པའི་གནད་དོན་ཤེས་རྟོགས་ཡོད། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ནང་བོད་མིའི་གནས་བབ་ཐོག་གླེང་ཐབས་ཞུས་ཆོག་ཟེར་བ་དང་། ཕ་རན་སི་སྐུ་ཚབ་ཀྱི་དྲུང་ཆེ་ནས་བརྗོད་དོན། བོད་པའི་གནས་སྟངས་ཤེས་ཀྱི་ཡོད། འབྲེལ་ཡོད་འགན་འཛིན་ལ་སྙན་སེང་ཞུ་རྒྱུ་སོགས་གསུངས་ཡོད་པ་རེད། དེ་ཉིན་བཅར་མ་ཐུབ་པའི་གཞུང་ཚབ་གཞན་ཁག་ ༣༩ ལ་སྦྲག་ཐོག་ཞུ་སྙན་ཕུལ་ཡོད།
སྐབས་འདིའི་ཞུ་སྙན་གྱི་ནང་དོན་གཙོ་བོ་ནི། འདི་ལོ་གསུམ་བཅུའི་དུས་དྲན་ནས་ད་བར་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། ཁོང་ཚོའི་དགོས་འདུན་གཙོ་བོ་ནི་བོད་ནང་ཆོས་དད་རང་དབང་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ། མི་རིགས་འདྲ་མཉམ་དང་། ༧གོང་ས་མཆོག་བོད་ནང་ཕྱིར་ཕེབས་ཐུབ་པ་སོགས་ཀྱི་འབོད་ཚིག་སྒྲོག་པར་རྒྱ་གཞུང་ནས་དྲག་གནོན་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་དང་། རྒྱ་གཞུང་རང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་ཡོད་པའི་གནས་ཚུལ་ངོ་ སྤྲོད་ཐོག བྱ་སྤྱོད་ངན་པ་དེ་རིགས་མཚམས་འཇོག་ཡོང་ཆེད། ཐའེ་ཝན་གཞུང་ལ་ཕུལ་བའི་ཞུ་སྙན་ནང་ཐའེ་ཝན་དང་རྒྱ་ནག་དབར་འབྲེལ་བ་བྱ་དུས་བོད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། གྲོས་ཚོགས་ལ་ཕུལ་བའི་ནང་དོན་གོང་མཚུངས་ཐོག་གྲོས་ཚོགས་ནང་བོད་དོན་སླེང་གློང་ཡོང་བའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཕྱི་རྒྱལ་གཞུང་ཚབ་ཁག་ལ་ཕུལ་བའི་སྙན་ཞུའི་ནང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ལས་འགན་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱལ་ཁབ་སོ་སོའི་ནུས་པ་སྟོན་དགོས་པའི་འབོད་སྐུལ་ཞུས་ཡོད།
ཕྱི་ཚེས་ ༡༣ ཉིན་བོད་རྔ་པ་ཁུལ་དུ་ཆོས་འཕེལ་ལགས་དང་མཁའ་དབྱིངས་ལགས་གཉིས་ནས་རང་ལུས་མེ་སྲེག་བཏང་བའི་བདུན་ཚིགས་དང་པོ་དང་སྟབས་བསྟུན་བོད་ཀྱི་བླ་སྤྲུལ་དགེ་འདུན་རྣམ་པ་དང་བོད་མི་རྣམས་དགོང་དྲོ་ཐའེ་ཝན་རང་དབང་ཐང་ཆེན་དུ་སྨོན་ལམ་གསུང་འདོན་གནང་བ་དང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཀའ་སྤྱི་ལྷན་རྒྱས་ཀྱི་གསལ་བསྒྲགས་དང་། བཀའ་བློན་ཁྲི་པའི་གསུང་བཤད་ཀྱི་ནང་དོན་ངོ་སྤྲོད་གནང་། སྨོན་ལམ་གྲུབ་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་འདི་ཚེས་ ༡༩ ཉིན་ཟས་བཅད་ངོ་རྒོལ་དང་། སྨོན་ལམ་ཐོག་བོད་མི་གང་མང་འཛོམས་གནང་ཡོང་བའི་གསལ་བསྒྲགས་གནང་རྗེས་དེ་ཉིན་སྨོན་ལམ་མཇུག་སྒྲིལ་བ་དང་། ཕྱི་ཚེས་ ༡༤ ཉིན་བོད་མི་རྣམས་དང་། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལྷན་ཚོགས་གནང་སྟེ་ཕྱི་ཚེས་ ༡༩ ལས་འགུལ་སྤེལ་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།