༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཁེ་ཎ་ཌའི་བརྙན་འཕྲིན་(CTV Television Network)ཞེས་པའི་གསར་འགོད་པ་ཊོཌ་ཝན་ཌར་ཧེ་ཌན་(Todd van der Heyden)ལགས་ཀྱིས་ཆེད་དོན་དྲི་བར་ལན་འདེབས་གནང་དོན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་སྲིད་བྱུས་དེར་འདོད་བློ་མི་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་གཏོན་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ངེས་པར་དུ་བྱེད་དགོས། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་ཏེ་ད་བར་མི་ལོ་ལྔ་བཅུ་ལྷག་ཕྱིན་ཡོད། འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ང་ཚོས་བོད་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་རྩ་གཏོར་སོགས་ཀྱི་བྱ་སྤྱོད་ཤུགས་ཆེ་སྤེལ་ཡོད། དེར་བརྟེན་འདས་པའི་ཟླ་བ་དྲུག་ནང་བོད་མི་དགུས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་འོག་བོད་མི་ཚོར་དམ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་དགུ་པོ་ཚང་མས་རང་ལུས་ལ་མེ་འབར་བཞིན་པའི་སྐབས་དེར་བོད་མི་ཚོར་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད་ཅེས་གསུངས། ཡང་གསར་འགོད་པས་དེང་སྐབས་བོད་ནང་མི་རིགས་རྩ་མེད་བཟོ་རྒྱུའི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་མེད་ཀྱི་དྲི་བར་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་དོན། དེང་སྐབས་བོད་པའི་རིག་གཞུང་རྩ་ཡལ་དུ་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་དེ་འུད་ཤོབ་བཤད་པ་ཞིག་མིན། རྒྱ་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱེད་བཞིན་པར་བརྟེན། བོད་ཀྱི་སྐད་ཡིག་ཟུར་ཕུད་ཐོག་སྐད་ཡིག་དེར་རྟེན་པའི་བོད་མིའི་ཐུན་མིན་རིག་གཞུང་དེ་ཡང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་ཅེས་གསུངས་པ་མ་ཟད། འབྱུ༜ང་འགྱུར་༸གོང་ས་མཆོག་སྐུ་འཚོ་བཞུགས་མ་མཛད་པའི་སྐབས་སུ་ཡང་བོད་ཀྱི་གནད་དོན་དེ་ཡལ་འགྲོ་རྒྱུ་དེ་འདྲ་རྩ་བ་ནས་མིན། བོད་ནང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་དང་ཉེ་ལམ་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དགུ་བྱུང་བ་ཁོང་རྣམས་རང་ལོ་ཉི་ཤུའི་ནང་ཤ་སྟག་ཡིན། ཁོང་ཚོས་རྒྱ་ནག་གིས་བཙན་འཛུལ་མ་བྱས་པའི་སྔོན་གྱི་བོད་དེ་མཐོང་མྱོང་མེད། དེ་ལྟར་ནའང་ཁོང་ཚོས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་པའི་སྲིད་བྱུས་དེར་ངོས་ལེན་རྩ་བ་ནས་མེད་པར་བརྟེན། འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་སྤེལ་དགོས་ཐུག་ཡོད། བོད་ཀྱི་གནད་དོན་དེ་བཞིན་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་གིས་སེལ་དགོས་པ་ཆག་ཡོད། དེར་བརྟེན་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆེས་མཐོང་དང་གུས་བརྩི་ཧ་ཅང་ཆེན་པོ་ཞུས་དང་ཞུ་བཞིན་པར་བརྟེན། རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡོད་ཅེས་ལན་འདེབས་གནང་ཡོད་པ་བཅས།།
ཁེ་ཎ་ཌའི་བརྙན་འཕྲིན་བརྒྱུད་རང་ལུས་མེར་སྲེག་གཏོང་མཁན་བོད་མི་དགུའི་མངོན་འདོད་ཀྱི་འབོད་སྒྲ་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་གནང་བ།
གསར་གནས།

འབྲེལ་གནས།
