༢༠༡༡ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༨ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་གི་ནང་རྒྱ་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་་སྲིད་བྱུས་དེར། ངོ་རྒོལ་ཆེད་རང་ལུས་ཞུགས་མེར་སྒྲོན་མཁན་རྣམས་དང་དཔའ་ངར་ལྡན་པའི་ཐོག་ནས་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ད་ལྟ་བཙོན་དུ་ལུས་བཞིན་པའི་བོད་རིགས་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན། སྐབས་དེར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་ཀིརྟི་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན། དེ་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞིས་ལུས་བོད་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཉིན་བརྒྱ་དུས་གཅིག་ཏུ་སྨོན་ལམ་གསུང་འདོན་གནང་རྒྱུ་མ་ཟད། ཟས་བཅད་ངོ་རྒོལ་གནང་སྟེ་དེ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཚང་མ་སྒོ་རྒྱག་རྒྱུ་ཡིན།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་ནས་ད་བར་བོད་ནང་བོད་མི་བརྒྱད་ཙམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་ཏེ་བོད་མི་ཚོར་དམ་བསྒྲགས་བྱེད་བཞིན་པའི་སྲིད་བྱུས་དེར་ངོ་རྒོལ་མཚོན་ཆེད་རང་ལུས་ཞུགས་མེར་ཕུལ་ཡོད། སྐུ་གཟུགས་ཞུགས་འབུལ་སྒྲོན་མཁན་གྱི་བོད་མི་ཚང་མས་ཞལ་གཅིག་སྒྲགས་ཐོག་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད།
བོད་ནང་རང་ལུས་ཞུགས་མེར་སྒྲོན་མཁན་བོད་མི་གཞོན་སྐྱེས་བརྒྱད་ཡོད་ཁོངས་བོད་བྱང་ཤར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་དང་། བོད་ཤར་ཕྱོགས་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ སོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་སོ་སོར་རང་ལུས་ཞུགས་མེར་བསྒྲོན་རྗེས་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་གནང་མྱོང་མཁན་རང་ལོ་ ༡༩ སོན་པ་སྐྱ་བོ་མཁའ་དབྱིངས་ལགས་དང་རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་ཞུགས་མེར་བསྒྲོན་རྗེས་མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་དང་ཆོས་འཕེལ་ལགས་ཕྱི་ཚེས་ ༡༡ ཉིན་སོ་སོར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
དེ་བཞིན་རང་ལུས་ཞུགས་མེར་སྒྲོན་མཁན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༡༨ སོན་པ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༩ སོན་པ་བློ་བཟང་དཀོན་མཆོག་ལགས། རང་ལོ་ ༡༧ སོན་པ་སྐལ་བཟང་དབང་ཕྱུག་ལགས། རང་ལོ་ ༡༩ སོན་པ་ནོར་བུ་དགྲ་འདུལ་ལགས་བཅས་ད་ཆ་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་བརྟེན། བཀའ་ཤག་དང་བོད་མི་སྒྲིག་འཛུགས་གཉིས་ཀྱིས་ཐུན་མོང་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཚོར་བོད་མིར་དཀའ་ཚེགས་ཅན་གྱི་དུས་སྐབས་འདིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་ཚོགས་པ་ཁག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་མི་ཚོར་རང་དབང་སྤྲོད་དགོས་པ་མ་ཟད། བོད་རྒྱ་མི་རིགས་གཉིས་སྨན་ཆེད་བོད་ཀྱི་དངོས་ཡོད་ཀྱི་དཀའ་ངལ་དེ་བཞིན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་གནོན་ཤུགས་སྤྲོད་དགོས། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་དངོས་ཡོད་ཀྱི་གནས་སྟངས་ཞིབ་འཇུག་ཆེད་སྐུ་ཚབ་འཐུས་མི་གཏོང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།།