༢༠༡༡ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༣ ནས་ ༡༨ བར་ཧོན་སུར་རབ་རྒྱས་གླིང་གཞིས་སྒར་དུ་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སྦྱིན་བདག་ཉི་ཧོང་པ་སྐུ་ཞབས་ཧི་དེ་ནོ་བུ་ཧི་རའོ་ཁ་ (Mr. Hidenobu Hiraoka) མཆོག་དང་ནང་མི་སྐུ་འཁོར། ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་སྐུ་ཞབས་ལྷག་པ་མཚོ་སྒོ་ལགས་བཅས་མི་གྲངས་ ༡༢ དབྱར་ཁའི་ཚ་སྡུག་བར་གསེང་དང་སྟབས་བསྟུན། ཁོང་གིས་ཉིན་ཤས་ས་གནས་སུ་ཕེབས་བཞུགས་རིང་བསླབ་པ་སློབ་གཉེར་གྱི་འཛིན་གྲྭ་ཁག་ལ་ལྟ་སྐོར་དང་མ་དགོན་གྱི་སྤྱི་སྨན་ལས་གཞི་ཁག་ལའང་ཐུགས་བརྩེ་ལྡན་པའི་ཐུགས་སྣང་དང་། ཡང་སྒོས་སྐུ་སྒེར་གྱི་སྐུའི་འཕྲོད་བཞེས་སོགས་ཀྱི་ཆེད་ད་བར་གྲྭ་ཚང་འདུས་སྤྱི་ནས་ཐུགས་སྨོན་སྐྱབས་འཇུག་གནང་བའི་མཐུ་ལས་རང་ཉིད་སྔར་ལས་བདེ་ཐང་བྱུང་བར་ཐུགས་རྗེ་བཀའ་དྲིན་མཆོག་ཏུ་ཆེ་བའི་གོ་སྐབས་ལེན་པ་མ་ཟད།
ཚོགས་བསག་སྒྲིབ་སྦྱོང་སོགས་དཀར་ཕྱོགས་ཀྱི་བྱ་བར་བརྩོན་པ་དང་སྦྲགས། གྲྭ་ཚང་གི་མཁན་བླ་གཙོས་པའི་གྲྭ་དམངས་རྒན་གཞོན་འདུས་སྤྱི་ལྷན་རྒྱས་མཛད་སྒོའི་འཇུག་ངོར་སྦྱིན་བདག་པ་ལགས་དགུང་གྲངས་ ༨༢ ནས་རང་ཉིད་འཇིག་རྟེན་རྒན་པོའི་མྱོང་ཚོར་སོགས་ལ་གཞི་བཅོལ་ཏེ་འཛམ་གླིང་ན་ལུས་སེམས་གཉིས་དང་འབྲེལ་བའི་དཀའ་སྡུག་མང་ཞིང་། འགྲོ་བ་མི་རྣམས་རིམ་བཞིན་དྲན་རྒྱུ་འབེལ་ལ་དངངས་སྐྲག་ཆེ་རུ་འགྲོ་བའི་སྙིགས་དུས་སུ། ཕན་ཚུལ་བློས་མི་འཁེལ་བའི་བ་དང་གཡང་ཟ་བའི་རང་བཞིན་ནང་། རང་དོན་ཁོ་ན་ལས་བསམ་རྒྱུ་མེད་པའི་ལས་ཉོན་དབང་གིས་མནར་སྐབས་འདིར། འགྲོ་བ་མི་རྣམས་མཐར་ཐུག་རེ་བ་རྒྱག་ས་དང། ནང་སེམས་རྒྱུད་འདུལ་ཐབས་སུ་ཆོས་ལ་བརྟེན་རྒྱུ་ལས་མ་འདས་ཞིང་། དེ་ཡང་ལྟོས་ས་ལྟོས་འཇོག་ཆ་ནས་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་ནི་འགྲོ་བ་རྣམས་ཀྱི་སེམས་རྒྱུད་གདུལ་སྨན་ལྟ་བུའི་སྐྱབས་ཡུལ་གལ་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པ་གདོན་མི་ཟ་བས།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་ཆོས་འཁོར་རྒྱ་ཆེ་ཙམ་བསྐོར་དང་སྐོར་མུས་ཀྱི་གནས་སྐབས་འདིར། བོད་ཀྱི་ནང་བསྟན་སྤྱི་དང་ཡང་སྒོས་གསང་སྔགས་ཀྱི་བསྟན་རྒྱུན་སློབ་གཉེར་གནང་ཡུལ་རྒྱུད་གྲྭ་སྟོད་སྨད་གཉིས་ཆེས་གནད་འགག་ཆགས་ལུགས་ཉི་ཧོང་ནང་ངོ་ཤེས་མཇལ་འཕྲད་དེ་འདྲའི་སྐབས་འགའ་ཤས་ནས་པ་ལགས་སུ་བཀའ་མོལ་གནང་དོན་ཞིག་ལ། རྒྱ་གར་ལྷོ་ཕྱོགས་སུ་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་བསླབ་པ་སློབ་གཉེར་ཐོག་འབད་བརྩོན་ཆེན་པོ་གནང་གི་ཡོད་པའི་གཏམ་བཟང་ཐོས་སྐབས་སྦྱིན་བདག་པ་ལགས་རང་ཉིད་ལའང་ཤུགས་མ་ཐུག་གི་ཡི་རང་དང་། སྤྲོ་བ་ཚད་མེད་བྱུང་ལུགས་ཀྱི་གནས་ལུགས་གྲྭ་དམངས་སྤྱི་ཐོག་ཐུགས་བརྩེ་ལྡན་པའི་གསུང་བཤད་ཀྱི་ཚུལ་དུ་མཉམ་བགོས་གནང་ཞིང། ལྷག་པར་དུ་གྲྭ་ཚང་གི་དགེ་འདུན་པ་ན་གཞོན་ཚོས་ཕྱི་རྒྱལ་ཁག་ཏུ་མ་སྐྱོད་གོང་བསླབ་པ་སློབ་གཉེར་ཚད་ལྡན་རང་རྒྱུད་ལ་སྨིན་ཐོག་ཉམས་ལེན་ཡང་ཚུལ་མཐུན་འགྲུབ་གཞིའི་གནས་ཚད་ལོན་མཚམས་ཕྱི་རྒྱལ་དུ་ཕེབས་འོས་ཆེ་ལུགས་དང། གལ་སྲིད་དེ་ལས་ལྡོག་སྟེ་བསླབ་པ་སློབ་གཉེར་གྱི་གཞི་རྩ་བརྟན་པོ་མེད་པར་ཕྱི་སྐྱོད་ཁོ་ན་དོན་གཉེར་གང་ཐུབ་བྱས་དབང་དུ་བཏང་ཚེ། སྔ་འཕྲོས་ཕྱི་རྒྱལ་མི་སྣ་ཚོས་ཡ་མཚན་ཆེ་མདོག་ངང་ཡ་ལན་འབྲེལ་གཏུགས་གནང་ཡང། རིམ་པས་ཟོག་རྫུན་སྟོང་རྒྱ་རལ་ཏེ་མཐར་སྡོམ་པ་ཡང་རིམ་ཤོར་སོགས་ཉེས་དམིགས་ཚབས་ཆེན་གསོག་རྒྱུ་ཡིན་པ་ངེས་ཅིང་། དེ་ལྟ་ན་གྲྭ་ཚང་གི་མཁན་བླ་རྣམ་གཉིས་ཀྱི་གཟིགས་སྐྱོང་དང་དགེ་འདུན་པ་སྐུ་བགྲེས་འཚོ་བཞུགས་རྣམས་ལ་རྒྱུན་ལྡན་གུས་བརྩི་དང་སྦྲགས།
ཁོང་རྣམས་ཀྱི་དྲུང་ནས་གང་ཅིའི་བསླབ་པ་སློབ་གཉེར་དང་འབྲེལ་བའི་ལེགས་ཆ་ལེན་འོས་ལེན་ཐབས་དང་། སྐུ་བགྲེས་པ་རྣམས་ནས་ཀྱང་གཞོན་པ་ཚོར་ཐུགས་བརྩེ་ལྡན་པའི་གཟིགས་སྐྱོང་ངང་སློབ་སྦྱོང་སྤྲོད་ཐབས་ཀྱི་འགན་འཁུར་བསམ་བཞེས་གནང་གལ་ཆེ། སྐུ་བགྲེས་པ་རྣམས་ནས་གྲྭ་ཚང་འདིའི་རྨང་གཞིའི་ཐོག་མར་འདིང་སྐབས་ཀྱི་གནས་སྟངས་དཀའ་ངལ་ཅན་དང་མི་འདྲ་བར་ད་ཆ་གང་ཅིའི་དགོས་ངེས་ཆེ་བའི་མཐུན་འགྱུར་རྣམས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པའི་གནས་སྟངས་ལགས་ན། ཁྱེད་རྣམས་ནས་གོ་སྐབས་ཆུད་ཟོས་སུ་མི་འགྲོ་བའི་འབད་བརྩོན་རྙིང་རུས་སྐྱེད་གལ་ཆེ། ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་ལ་རྒྱས་སྤྲོས་དང་རྣམ་གཡེང་གནང་རྒྱུ་མེད། རྒྱས་སྤྲོས་ཞེས་པ་ཇི་ཙམ་བྱས་ཀྱང་དེ་ཙམ་གྱི་ངོམ་སྐྱེས་རྒྱུ་མེད་པའི་སྟེང་ལ་རང་ཉིད་ཀྱི་ནུས་པ་ཉམས་རྒུད་འགྲོ་གཞི་ཆགས་པ་སོགས་ཚང་མས་གཟབ་གཟབ་དོ་ནན་གནང་གལ་ཆེ་བའི་གསུང་བཤད་དོན་ལྡན་གནང་བར་དགེ་འདུན་པ་རྣམས་ནས་ཀྱང་གུས་བརྩི་དང་དོན་གཉེར་ཆེན་པོས་གསན་བཞེས་གནང་སྟེ་ཚང་མའི་ཐུགས་ལ་གོ་བརྡ་ཟུག་པོ་བྱུང་ཡོད་པ་བཅས།།
སྨད་རྒྱུད་གྲྭ་ཚང་གི་སྦྱིན་བདག་པ་ལགས་ཀྱིས་གྲྭ་དམངས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།