༢༠༡༡ ཟླ་ ༩ ཚེས་ ༢༠ རེས་གཟའམིག་དམར།
་
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༨ ཉིན་འབྲས་ལྗོངས་ཁུལ་དུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་བརྟེན། བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ཅམ་ལིང་མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཞིག་ཕུལ་ཡོད་པའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༨ ཉིན་འབྲས་ལྗོངས་དང་ཁྱིམ་མཚེས་མངའ་སྡེ་ཁག་གཅིག་གི་ནང་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེ་ཕོག་པར་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ཕམ་ཆེན་པོའི་ཐོག་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
འདིར་ང་ཚོའི་གྲོས་ཚོགས་འཚོགས་བཞིན་པ་དང་སྟབས་བསྟུན་དེ་རིང་སྔ་དྲོའི་ཚོགས་ཐུན་དང་པོའི་སྐབས་གྲོས་ཆོད་ཐོག་མ་དེ་བཞིན་དཀའ་ངལ་མྱོང་བཞིན་པའི་འབྲས་མོ་ལྗོངས་ཀྱི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེའི་མྱ་ངན་གུས་འདུད་ཞུས་ཡོད། ས་ཡོམ་གྱི་གོད་ཆག་འོག་འབྲས་ལྗོངས་དང། བལ་ཡུལ། བོད་བཅས་ཀྱི་ནང་མི་འདས་གྲོངས་སུ་གྱུར་བ་རྣམས་ལ་ང་ཚོས་སྙིང་ཐག་པ་ནས་མྱ་ངན་ཞུ་རྒྱུ་ཙམ་མ་ཟད། ཚེ་འདས་རྣམས་གང་མྱུར་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་ལམ་ཞུ་རྒྱུ་དང་ཆབས་ཅིག གོད་ཆག་དེའི་འོག་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲགསྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། འབྱུང་བའི་གོད་ཆག་དེ་བཞིན་ལྡོག་ཏུ་མེད་པའི་ཆོད་ཉིད་གཅིག་ཡིན་པ་དེ་ལྟར་ནའང་། སྐུ་ཉིད་ཀྱིས་ཡང་དག་པའི་དབུ་ཁྲིད་འོག་འབྲས་ལྗོང་མི་མང་ཚོས་དཀའ་ངལ་འདི་ལས་མྱུར་དུ་རྒྱལ་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཅེས་འཁོད་ཡོད།།