༢༠༡༡ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༢ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་རྒྱ་མཐུན་ཚོགས་ནས་བོད་དོན་ངོ་སྤྲོད་ཀྱི་ལས་གཞི་སྤེལ་མུས་དང་སྟབས་བསྟུན༌དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་རྒྱུའི་ལས་རིམ་ཆ་ཤས་ཏེ༌ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་དང་བོད་ཆོལ་ཁ་གསུམ་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་སུན་ཀྲེ་བྷེན་ལགས་ཀྱིས་ཚོགས་པ་ངོ་སྤྲོད་དང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལ་རྒྱབ་སྐྱོར་ཞུས་ཏེ། བོད་རྒྱའི་དབར་མཐུན་སྒྲིལ་དང་། བོད་མིར་རྒྱབ་སྐྱོར་གྱི་ལས་འགུལ་སྣ་མང་སྤེལ་རྒྱུ་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་ནས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གཉིས་ཕན་དབུ་མའི་ལམ་གྱི་དགོངས་གཞིའི་འོག་བོད་ཀྱི་བདེན་མཐའ་སེལ་ཐབས་དང་། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་འདས་པའི་ལོ་རྒྱུས་གནས་བབས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་བ་དང་འབྲེལ། ཚོགས་བཅར་བའི་འདྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་ཀྱང་གནང་ཡོད།
སྐབས་འདིའི་བོད་དོན་ངོ་སྤྲོད་ཀྱི་ཚོགས་འདུ་དེའི་ནང་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུན་ཀྲེ་བྷེན་ལགས་དང་། བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་དགྲ་བཅོམ་པ་སོགས་ཚོགས་མི་རྣམ་པ། དེ་བཞིན་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམ་པ། ཐེ་ཝན་སློབ་གྲྭ་ཆེན་མོའི་དགེ་རྒན་ཁག་གཅིག ས་གནས་ཡུལ་མི། ཐེ་ཝན་དུ་གནས་སྡོད་བོད་མི་སོགས་ཀྱིས་མཉམ་ཞུགས་གནང་ཡོད།
གཞན་ཡང་ཉེ་ཆར་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཐེ་ཝན་གནས་སྡོད་བོད་མི་ཁག་གཅིག་མཉམ་འཛོམས་ཀྱིས་དམ་པ་དེ་གཉིས་ཀྱིས་སྐུ་ཚེ་ཧྲིལ་པོ་བཙན་བྱོལ་སྤྱི་ཚོགས་ནང་ཆོས་དང་སྲིད་ཐོག་མཛད་རྗེས་རླབས་པོ་ཆེ་བཞག་གནང་ཡོད་པར༌བཀའ་དྲིན་རྗེས་དྲན་གྱི་སྨོན་ལམ་གསུང་འདོན་དང་། མ་ཎི་ཡིག་དྲུག་གསོག་སྒྲུབ་སོགས་ཀྱི་མཆོད་འབུལ་སྨོན་ལམ་གྲུབ་རྗེས་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཐེ་ཝན་ནང་བོད་དོན་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་ཀྱང་གནང་ཡོད་པ་བཅས། །