༢༠༡༡ ཟླ་ ༩ ཚེས་ ༦་རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་འདི་ལོའི་པི་རིན་སི་ཀོ་ལོ་སི་ཞེས་པའི་གཟེངས་རྟགས་ (Prince Clause Award) ཐོབ་ཡོད། གཟེངས་རྟགས་གནང་མཁན་ཧོ་ལན་ཌིའི་ (Holland) རྒྱལ་ས་ཨམ་སི་ཊར་ཌམ་ནང་རྟེན་གཞི་བྱས་པའི་པི་རིན་སི་ཀོ་ལོ་སི་ཐེབས་རྩ་ (Prince Clause Fund) ཡིན་འདུག ཐེབས་རྩ་དེས་ལོ་ལྟར་ཨེ་ཤི་ཡ་དང་ཨ་ཕི་རི་ཁ། ལྷོ་ཨ་མི་རི་ཁ། དེ་བཞིན་ཁེ་ར་བྷི་ཡན་སོགས་ཀྱི་ནང་ཚོགས་པ་བྱེ་བྲག་པ་དང་མི་སྒེར་སུ་རུང་གིས་རིག་གཞུང་སྲུང་སྐྱོབ་ཆེད་གཟེངས་སུ་ཐོན་པའི་བྱས་རྗེས་ལ་ངོས་འཛིན་ཆེད་གཟེངས་རྟགས་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག
དེ་ཡང་ཕྱི་ཚེས་ ༥ ཉིན་ཐེབས་རྩ་ཁང་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་མགོ་རྙོག་ཚ་པོ་དེར་ཐུན་མིན་གྱི་ལྟ་ཚུལ་གསར་པ་ཞིག་རྩོམ་ཡིག་གི་ལམ་ནས་སྤེལ་བར་བརྟེན་ཁོང་ལ་གཟེངས་རྟགས་སྤྲོད་རྒྱུ་བྱུང་བར་ང་ཚོར་དགའ་སྤོབས་ཆེན་པོ་བྱུང་ཞེས་སོགས་འཁོད་ཡོད།
དེ་ཡང་ཡུ་རོབ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཚེ་རིང་བྱམས་པ་ལགས་ཀྱིས་གཟེངས་རྟགས་སྐོར་འགྲེལ་བརྗོད་གནང་དོན། ཚེ་རིང་འོད་ཟེར་ལགས་ནི་རྩོམ་ཡིག་གི་ལམ་ནས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་དངོས་སུ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་བརྟེན། གཟེངས་རྟགས་འདི་བཞིན་ཁོང་ལ་ཐོབ་པ་དེ་ནི་འོས་ཤིང་འཚམ་པ་ཞིག་ཆགས་ཡོད་ཅེས་གསུངས་ཡོད། གཟེངས་རྟགས་འབུལ་ཉིན་དེར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དཔེ་དེབ་ཀྱི་འདུ་འཛོམས་ཐེངས་ ༡༨ པ་དེ་སྲུང་བརྩི་ཞུ་བཞིན་པའི་སྐབས་འཁེལ་ཡོད་པ་མ་ཟད། འདུ་འཛོམས་གོ་སྒྲིག་གནང་མཁན་ཡང་ཧོ་ལན་ཌི་ནས་ཡིན་འདུག དེ་ཡང་ཚེ་རིང་བྱམས་པ་ལགས་ཀྱིས་གསུང་དོན། ང་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་བཞིན་པའི་དཔེ་དེབ་འདུ་འཛོམས་དང་སྟབས་བསྟུན། བོད་མི་རྩོམ་པ་པོ་ད་ལྟ་རྒྱའི་བཙོན་ཁང་དུ་ཚུད་པ་རྣམས་མྱུར་དུ་གློད་བཀྲོལ་ཡོང་ཆེད་ཧོལ་ལན་ཌིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ (PEN) དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ (Amnesty International) གཉིས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་འདུག་པ་བཅས།