༢༠༡༡ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བ་དང་སྟབས་བསྟུན་རྡ་ས་ཟློས་གར་ཐང་ཆེན་དུ་དགུ་པའི་ཉེར་བདུན་དུས་དྲན་སྲུང་བརྩི་ཞུས་པ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་དང། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཚོགས་པའི་སྦྱིན་བདག་ཁག ཉེ་འཁོར་ནས་ཕེབས་པའི་ཚོགས་མི། འབྲེལ་ཡོད་སྐུ་མགྲོན་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཐོག་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་ཁ་ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་ན་གཞོན་གཉིས་ཀྱི་སྐུ་ལུས་མེ་སྲེག་བཏང་བས་གཙོས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་སྤྱི་འཐུས་ཚོགས་གཞོན་མཆོག་གི་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་མཚམས་རྣམ་གྲྭའི་དགེ་འདུན་པ་བཞི་ནས་ཤིས་བརྗོད་གསུང་བཞིན་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ཚོགས་པའི་ངོ་སྤྲོད་གསུང་བཤད་སྒྲུབ་བསྟུན་སྐུ་མགྲོན་གཙོ་བོ་མཆོག་གིས་དགུ་བཅུ་གསུམ་ཚོགས་པས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ཁག་དབུ་འབྱེད་དང་ཚོགས་གཙོ་ཟུར་པ་ཡེ་ཤེས་སྟོབས་ལྡན་ལགས་དང་། ངག་དབང་འོས་འབར་ལགས། མ་ཆེན་པ་སངས་ལགས་བཅས་ལ་ལེགས་གསོའི་བྱ་དགའ་གནང། དེ་ནས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བཙོན་དུ་ཡུན་རིང་བཞུགས་པའི་རྟ་ནག་འཇིགས་མེད་བཟང་པོ་ལགས་དང་། ད་ལྟ་བཙོན་དུ་བཞུགས་པའི་བློ་བཟང་བསྟན་འཛིན་ལགས། རང་མི་རིགས་ཆེད་སྐུ་ལུས་མེར་སྲེག་བཏང་བ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་དང། དགེ་འདུན་པ་ཚེ་དབང་ནོར་བུ་ལགས་བཅས་ལ་རྒྱལ་གཅེས་དཔའ་བོའི་བྱ་དགའ་ཕུལ་བར་ཁག་སོ་སོའི་སྐུ་ཚབ་ཀྱིས་བཞེས་ཡོད། དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་ནི་གཙོ་བོ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཚོགས་པ་དམིགས་བསལ་ཅན་ཞིག་དང། བོད་ཀྱི་བསྟན་སྲིད་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། ད་ལྟ་བཙན་བྱོལ་ནང་ཚོགས་པ་འདི་དབུ་བརྙེས་པ་ནས་བཟུང་ད་བར་ཚོགས་པའི་བྱེད་སྒོར་བལྟས་ན། བོད་ནང་རྒྱ་ནག་གིས་འཇིགས་སྐུལ་དང་གདུག་རྩུབ་ཀྱི་ཐོག་ནས་བོད་མིར་སོ་སོའི་ཆོས་དང་རིག་གཞུང་། ཁོར་ཡུག དེ་བཞིན་གོམས་གཤིས་བཅས་རང་ཉིད་ཀྱི་ལོངས་སུ་སྤྱོད་སྐབས་རྒྱ་ནག་གིས་མ་བཟོད་པའི་ཐོག་ནས་ཉེས་མིང་ཁག་དཀྲི་བྱེད་རྒྱུ་དང། གདུང་འདེགས། བཙོན་འཇུག ཁྲིམས་ཐག་གཅོད་རྒྱུ་ལྟ་བུ་གོང་དུ་དགུ་བཅུ་གསུམ་ཚོགས་གཞོན་གྱིས་གསུང་པ་བཞིན་ཆགས་ཡོད། དེ་ལྟ་བུའི་ལས་འགུལ་སྤེལ་མཁན་མང་པོ་ཞིག་གིས་བོད་མི་རིགས་ཀྱི་ཆེད་ལས་འགུལ་བརྩམས་པ་དེ་ནི་བོད་བསྟན་སྲིད་ལ་ཕན་པའི་ཆེད་དུ་ཕྱོགས་གཅིག་ནས་སྙིང་སྟོབས་དང་ལྷག་བསམ་ཆགས་ཀྱི་ཡོད། སྤྱིར་བཏང་མིའི་མི་ཚེ་ནི་རིང་པོ་ཞིག་ཡིན་དུས་དེ་འདྲའི་ཐོག་ནས་བཙན་བྱོལ་ལ་ཕེབས་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྣེ་ལེན་ཁང་བརྒྱུད་བྱེད་སྒོ་རྣམས་གང་ཙམ་ཞུ་བཞིན་ཡོད། འོན་ཀྱང་ཆེད་དུ་དགུ་བཅུ་གསུམ་ཚོགས་པའི་ངོས་ནས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་ནང་མི་རྣམས་ལ་སྣེ་ལེན་ཞུ་རྒྱུ་དང། ནད་གཅོང་རྣམས་ལ་སྨན་བཅོས་ཀྱི་མཐུན་འགྱུར་གནང་རྒྱུ། ལོ་ནའི་བབ་ཀྱི་ཐོག་ནས་ཤེས་ཡོན་གྱི་གོ་སྐབས་གནང་རྒྱུ་སོགས་གང་ལྟར་མི་ཚེའི་འཚོ་ཐབས་ལ་ཕན་པའི་བྱེད་སྒོ་སྤེལ་བཞིན་ཡོད། དེ་བཞིན་བོད་ནང་ཛ་དྲག་གི་གནས་སྟངས་བྱུང་སྐབས་བཙན་བྱོལ་ནང་ལས་འགུལ་འདྲ་མིན་སྤེལ་རྒྱུ་སོགས་ཀྱི་སྒོ་ནས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ད་ལྟའི་ཆར་ལས་འགུལ་སྤེལ་དང་སྤེལ་མུས་ཆགས་ཡོད། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དེ་ལྟར་གཟེངས་སུ་ཐོན་པའི་བྱས་རྗེས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། འབྱུང་འགྱུར་བོད་རང་དབང་བདེན་དོན་མ་སེལ་བར་ང་ཚོས་འཐབ་རྩོད་འདི་རྒྱུན་མཐུད་ནས་འགྲོ་དགོས་པ་ཞིག་ཆགས་ཡོད། དེར་བརྟེན་སྤྱིར་རྒྱལ་སྤྱིའི་གནས་སྟངས་དང། ༸གོང་ས་མཆོག་གི་དགོངས་གཞི། ཁྱད་པར་དུ་བོད་ནང་གི་བོད་མིའི་སྙིང་སྟོབས་གཞིར་བཞག་ཐོག་མུ་མཐུད་ལྷག་བསམ་དང་། སྙིང་སྟོབས། ཆོད་སེམས་བརྟན་པོའི་སྒོ་ནས་མུ་མཐུད་ནས་འགྲེལ་བརྗོད་བྱེད་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་དོན་རྣམས་ལམ་ལྷོང་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
དེ་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དངོས་སུ་འགོ་བཙུགས་ནས་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩིའི་གོ་སྐབས་འདིའི་ཐོག་ཚོགས་པ་འདི་བཙུགས་ནས་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་རྣམ་པ་དང། བཙོན་དུ་ཡོད་པ། བཙོན་ཟུར། འདས་ཟིན་པ། བཞུགས་བཞིན་པ་ཚང་མར་རྗེས་དྲན་ཞུ་རྒྱུ་དང། ཁོང་ཚོས་རླབས་ཆེན་གྱི་མཛད་རྗེས་དེ་དག་འབྱུང་འགྱུར་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཡིན་པར་ངོས་འཛིན་ཞུས་པ་དང་ཆབས་ཅིག དེ་འདྲའི་དཔའ་བོ་དཔའ་བོ་འདས་སོན་ཡོངས་སུ་རྫོགས་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་སྐྱབས་འོག་ནས་བྱང་ཆུབ་སྙིང་པོའི་བར་རྗེས་འཛིན་ཡོང་བའི་གསོལ་འདེབས་དང་སྨོན་ལམ་ཞུ་རྒྱུ་ཡིན། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་ ༢༠ ཕྱིན་པའི་རིང་སྤྱིར་བསྟན་པ་ཆབ་སྲིད་དང། ལྷག་པར་བཙོན་པ་བཙོན་ཟུར་རྣམས་ཀྱི་སླད་ཕྱག་ལས་རླབས་ཆེན་གནང་ཡོད་པ་དེ་རིང་བསྒྲགས་གཏམ་ནང་ཡོད་པ་བཞིན་རེད། དེ་ཚོ་ཚང་མར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་ད་དུང་མུ་མཐུད་ཕྱག་ལས་གནང་རྒྱུ་དང་ཕྱག་ལས་དེ་དག་ད་དུང་ཡར་རྒྱས་འགྲོ་རྒྱུའི་སྨོན་འདུན་ཞུ་གི་ཡོད། དེ་རིང་གོ་སྐབས་འདིའི་ཐོག་ང་ཚོས་ངེས་པར་དུ་གསལ་པོ་མཁྱེན་དགོས་རྒྱུའི་དོན་ཚན་ཁ་ཤས་ཤིག་ངས་མཐོང་གི་ཡོད། ཐོག་མར་བོད་ཆོས་ལྡན་གྱི་ཞིང་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཀྱི་ཐོག་ནས་བཙན་བཟུང་བྱས་པ་ཙམ་མ་ཟད། བོད་ཀྱི་ཆོས་དང་། རིག་གཞུང་། ལེགས་བྱང། མི་རིགས་དང་བཅས་པ་ཤུལ་མེད་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་ལས་རིམ་ལག་བསྟར་བྱས་ནས་ལོ ༦༠ བརྒལ་བ་ཞིག་འགྲོ་གི་ཡོད། ཕྱེད་གྲངས་ཉུང་མི་རིགས་ཡིན་པའི་བོད་པ་ཚོས་ཧ་ཅང་གྲངས་མང་དང་ཆབ་སྲིད་དམངས་སྲིད་ནོར་སྲིད་གང་གི་ཐོག་ནས་འཇིག་རྟེན་འདིའི་ནང་སྟོབས་ཆེན་ཡིན་པ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་ལ་ཁ་གཏད་བཅག་ནས་འདས་པའི་ལོ་ ༦༠ བརྒལ་བའི་རིང་མི་རིགས་རྩ་མེད་ཤུལ་མེད་ལ་མ་ཕྱིན་པ་བདག་གཅེས་བརྒྱབ་སྟེ་ཉར་ཐུབ་པ་དང་། ལྷག་པར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གལ་གནད་ཆེ་བའི་གནད་དོན་ཞིག རྒྱལ་སྤྱིའི་ནང་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་པའི་གནད་དོན་ཞིག་ལ་བསྒྱུར་ཐུབ་པར་འདས་པའི་དཔའ་བོ་དཔའ་མོ་དེ་ཚོས་མཛད་རྗེས་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ཁོང་རྣམ་པའི་མཛད་རྗེས་དེ་དག་ང་ཚོས་དུས་རྟག་ཏུ་སྙིང་བཅང་བྱེད་དགོས་པ་གཅིག་དང། དེར་དཔེ་བླངས་ཏེ་ཚང་མས་མཉམ་ཞུགས་དང་རྗེས་འཇུག་བྱེད་དགོས་པའི་གནས་སྟངས་ཤིག་རེད། དེ་དང་ཆབས་ཅིག་དཔའ་བོ་དཔའ་མོ་དེ་ཚོས་དེ་ཙམ་གྱི་ཕྱག་ལས་གནང་ཐུབ་པ་དང། ཕྱག་ལས་གནང་ཐུབ་རྒྱུའི་སྙིང་སྟོབས་དང་རེ་བ། ཆོད་སེམས་བྱུང་ཐུབ་པ། དེ་ཙམ་མ་ཟད་ཁོང་རྣམ་པས་ཕྱག་ལས་གནང་བ་དེ་རྒྱལ་སྤྱིའི་ནང་ཡོངས་ཁྱབ་གསལ་བསྒྲགས་ཡོང་ཐུབ་པ་དང། བཙོན་ཟུར་རྣམ་པ་མི་ཉུང་བ་ཞིག་བཙོན་གྲོལ་ཐོབ་རྗེས་རང་དབང་ལུང་པའི་ནང་རང་དབང་ཆ་ཚང་ལོངས་སུ་སྤྱད་ནས་བཞུགས་རྒྱུ་ཡོད་པ་དང། བཟས་གོས་གནས་མལ་གྱི་མི་ཕོངས་ཏེ་བཞུགས་ཐུབ་པ་དེ་དག་ཚང་མ་གང་ལ་བརྟེན་ནས་བྱུང་བ་རེད་དམ་ཞུས་ན། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་དང་འཕྲིན་ལས་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད། གལ་སྲིད་༸རྒྱལ་བ་ཡེ་ཤེས་ནོར་བུ་འདི་ལྟ་བུ་ཞིག་གིས་ང་ཚོ་བོད་མི་རིགས་ཀྱི་མགོན་སྐྱབས་དང་དབུ་ཁྲིད་མེད་ན། ཆེད་གྲངས་ཉུང་མི་རིགས་ཀྱི་བོད་པ་དེ་ད་ལྟ་འི་གནས་སྐབས་ལ་ནག་སུབ་བཏང་ཟིན་པ་སྨྲོས་མི་དགོས་པ་ཞིག་རེད། ཧ་ལམ་འདས་པའི་ལོ་ ༦༠ འདིའི་གནས་བབ་ལ་ཕྱིར་བལྟས་སློག་ན་༸རྒྱལ་བ་རིན་པོ་ཆེ་མཆོག་དབུ་ཁྲིད་མེད་པའི་དབང་དུ་བཏང་ན་བོད་པའི་གནད་དོན་དེ་ཆེད་འདས་པའི་ལོ་རྒྱུས་ཀྱི་བར་སེང་དུ་འཛུལ་ཟིན་པ་དང་ཚང་མས་བརྗེད་ཟིན་པ་ཞིག་ཆགས་ཡོད་པ་སྨྲོས་མེད་རེད། འབྱུང་འགྱུར་བོད་མི་རིགས་ཀྱི་གནས་བབས་གང་འདྲ་ཡོང་གི་རེད། ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀའི་ངོས་ནས་སོ་སོའི་འཆར་སྣང་དང་མངོན་འདོད་གནང་ཆོག་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་ཁྱད་ཆོས་ཤིག་ཡིན། འོན་ཀྱང་ང་ཚོས་དེ་ལྟ་བུ་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་རྒྱུའི་རེ་བའི་འབྱུང་ཁུངས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་དང་མཛད་འཕྲིན་ཁོ་ནར་བརྟེན་ནས་བྱུང་རེད། གལ་སྲིད་དེ་ལྟ་བུ་ཞིག་མེད་ན། བོད་ཀྱི་གནས་སྟངས་ནག་སུབ་ཕྱིན་ཟིན་པ་རེད་མ་གཏོགས་འབྱུང་འགྱུར་གྱི་རེ་བ་རྒྱག་ས་ཞིག་མེད། བོད་མི་རིགས་ཆགས་པ་ནས་བཟུང་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་བཟུང་བ་ཡིན་སྟབས། འཕགས་པ་སྤྱན་རས་གཟིགས་ཀྱི་མགོན་སྐྱབས་དང་བོད་མི་རིགས་ཀྱི་ལས་དབང་གཉིས་བྲལ་ཐབས་མེད་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་མ་འོངས་པར་ང་ཚོས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གྱི་གནས་བབས་གང་འདྲ་ཞིག་ལ་རང་ཉིད་ཀྱི་མངོན་འདོད་གནང་ཆོག་གི་རེད་ལ་གོ་སྐབས་ཀྱང་ཡོད། འོན་ཀྱང་མངོན་འདོད་དེ་དག་མངོན་པར་གསལ་བར་བྱེད་རྒྱུ་དང་མངོན་འདོད་དེ་བསྒྲུབ་ཆེད་རང་དབང་ཐོག་རང་དབང་ཅན་གྱི་ལུང་པ་ཁག་གི་ནང་ལས་འགུལ་སྤེལ་ཐུབ་པ་དེ་དག་ཡོངས་རྫོགས་༸གོང་ས་མཆོག་གིས་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་པ་རེད་སྙམ་གྱི་ཡོད། མང་གཙོའི་རང་དབང་བེད་སྤྱོད་གཏོང་སྐབས་རྒྱུ་མཚན་ལྡན་པ་ཞིག་དང་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པའི་ཐོག་ནས་རང་དབང་བེད་སྤྱོད་གཏོང་དགོས་པ་མ་གཏོགས་རང་གིས་སེམས་ལ་གང་ཤར་དང་ལྷག་པར་༸གོང་ས་མཆོག་ལྟ་བུ་སྐྱེས་བུ་མཆོག་ཏུ་གྱུར་བ་ཞིག་ལ་རྒྱུ་མཚན་མེད་པ་དང་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ། རྒྱབ་ལྗོངས་མེད་པ། ཁུངས་བསྐྱལ་མི་ཐུབ་པ། དེ་ལྟ་བུའི་སྐྱོན་བརྗོད་དང་ཁ་བདེ་པོ་ཤོད་རྒྱུ་དེ་དག་གི་རྒྱབ་ལྗོངས་ཀྱི་བསམ་བློའི་འབྱུང་ཁུངས་གང་འདྲ་ཡིན་ནམ་སྙམ་པའི་ང་ཚོས་ག་དུས་ཡིན་རུང་ཐེ་ཚོམ་སྐྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་དངོས་གཞི་གྲོལ། ཕྱི་དྲོ་ཟློས་གར་ཚོགས་ཁང་དུ་ཆབ་བཙོན་ཟུར་པའི་མྱོང་བ་དངོས་ཀྱིས་གཏམ་བརྗོད་ཞིག་མི་མང་ལ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག་པ་བཅས། །
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་དང་སྟབས་བསྟུན་དགུ་པའི་ཉེར་བདུན་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།