༢༠༡༡ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་རྡ་ས་གངས་སྐྱིད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཡང་སྟེང་དུ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ པ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཁྲིམས་ཞིབ་གཞན་ངག་དབང་ཐུབ་བསྟན་མཆོག ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག ཁྲིམས་ལུགས་རིག་པ་བ་སྡེ་འགན་བསྟན་འཛིན་ལྷུན་གྲུབ་ལགས། ཁྲིམས་ལུགས་རིག་པ་བ་སྡེ་འགན་རིག་འཛིན་རྡོ་རྗེ་ལགས། རྒྱ་གར་བྱང་ཤར་དང་བལ་ཡུལ་ནང་དུ་ཡོད་པའི་གཅིག་ལྩོགས་ས་གནས་ཁྲིམས་ཞིབ་ཁང་བརྒྱད་ནས་ཚོགས་བཅར་བ་ ༡༥ དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་མི་འགྲོ་ ༢ བཀའ་དྲུང་ཡིག་ཚང་ནས་མི་འགྲོ་ ༡ བཅས་ཁྱོན་བསྡོམས་མི་གྲངས་ ༡༨ ལྷན་འཛོམས་ཐོག་སྤྱི་ཁྱབ་ཁྲིམས་དྲུང་ཀུན་དགའ་རྡོ་རྗེ་ལགས་ཀྱིས་སྦྱོང་བརྡར་ལས་རིམ་ངོ་སྤྲོད་གནང་མཚམས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ ༤ པར་ཕེབས་པའི་ཁྱེད་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབུ་བརྙེས་པ་ནས་བཟུང་སྟེ་༸གོང་ས་མཆོག་གིས་ང་ཚོར་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་རས་སྩལ་ཏེ་མང་གཙོའི་ལམ་ལུགས་དང་ལྡན་པའི་སྒྲིག་འཛུགས་གནས་སྟངས་ཡར་རྒྱས་ཕྱིན་ཡོད། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་ནང་གསལ་མང་གཙོའི་ཀ་བ་གསུམ་ནི་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་དང་སྒྲིག་གཞི་ཁག་གཏན་འབེབས་གནང་སྟེ། འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཙོས་རྒྱ་བལ་དང་སུད་སི་བཅས་སུ་རིམ་བཞིན་ས་གནས་ཁྲིམས་ཁང་ ༡༧ བཙུགས་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་འགན་ཇི་ཡིན་དང་། གྱོད་དོན་གཏུག་བཤེར་མང་ཉུང་ལ་མ་ལྟོས་པའི་ཐག་གཅོད་བྱེད་བཞིན། ལྷག་པར་ཕྱི་ལོ་ ༡༩༩༧ ལོ་ནས་རྒྱ་བལ་ཁུལ་གཞི་རིམ་མང་ཚོགས་ནང་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྔ་རྗེས་སྤེལ་ཡོད་པ་མ་ཟད། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པར་སྦྱོང་བརྡར་རིམ་པ་ཕུལ་ཡོད་པ་དང། རང་རིགས་སྤྱི་ཙོགས་ནང་བོད་མིའི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཐུབ་པ་བྱུང་ན་མི་མང་ཉམ་ཐག་དང་རྒྱུ་ནོར་དབང་ཐང་ཅན་སུ་ལའང་ཕན་ཐོགས་ཆེན་པོ་ཡོད་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ།
ད་ཐེངས་ཉིན་བཅུའི་རིང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ཁྲིམས་ལུགས་སྦྱོང་བརྡར་གནང་རྒྱུ་ཡིན་པ་དང་། ཁྲིམས་ལུགས་སློབ་ཁྲིད་པ་ནི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང། ཁྲིམས་ལུགས་རིག་པ་བ་བསྟན་འཛིན་ལྷུན་གྲུབ་ལགས་དང་། རིག་འཛིན་རྡོ་རྗེ་ལགས་བཅས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང། སྤྱི་མང་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་གྱི་ཁྲིམས་ཡིག ཁྲིམས་ལུགས་དབང་འཛིན་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་བླང་དོར་ལམ་སྟོན་སོགས་སློབ་ཁྲིད་གནང་རྒྱུ་རེ་འདུག ཉིན་མཐའ་མར་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཁྲིམས་རྩོད་པའི་སྦྱོང་བརྡར་བ་རྣམས་ལ་ལག་འཁྱེར་གནང་རྒྱུ་ཡིན་འདུག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དེ་བཞིན་ཕྱི་ལོ་༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་ཐོག་མར་འགོ་བཙུགས་གནང་ཡོད་པ་བཅས།