༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་མིའི་སྤྱི་ཚོགས་ཀྱི་ནུས་པ་གོང་མཐོར་སྤེལ་སླད་ཁྱད་ལས་སློབ་སྦྱོང་ཐོག་རོགས་རམ་དགོས་མཁོ་མཆིས་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་རྣམས་ལ་ཨ་རི་བོད་ཀྱི་ཐེབས་རྩ་ནས་ཁྱད་ལས་སློབ་ཚན་ཐོག་སློབ་ཡོན་རོགས་རམ་གནང་གཏན་འཁེལ་བར་ཆ་རྐྱེན་ཚང་བ་རྣམས་ནས་འཚང་སྙན་འབུལ་འཐུས་ཆོག་རྒྱུ།འདི་ལོར་ཨ་རི་བོད་ཀྱི་ཐེབས་རྩ་ནས་གཤམ་འཁོད་ཁྱད་ལས་སློབ་ཚན་གང་རུང་ནས་ ༡༠ ལ་ཁ་སྐོང་སློབ་ཡོན་གནང་རྒྱུའི་ཞལ་བཞེས་གནང་།
- MBBS
- BPT (Physiotherapy)
- B. Pharmacy
- BDS (Dentistry)
- MDS (Dentistry)
- Civil Engineering
- Superspeciality courses: Doctor of Medicine (DM) & Master of Surgery (MS)
- Master of Business Administration (MBA)
- Chartered Accountancy (CA)
སློབ་ཕྲུག་འདི་དག་རྒྱ་བལ་འབྲུག་གསུམ་གྱི་མཐོ་སློབ་དང་གཙུག་ལག་སློབ་ཁང་ཁག་ནང་སློབ་འཇུག་ངོས་བཞེས་ཐོབ་ཟིན་པའམ་ཡང་ན་ད་ལྟའི་ཆར་མཐོ་སློབ་འགྲིམ་བཞིན་པ་ཞིག་ཡིན་དགོས་ཐོག་དབུས་བོད་མིའི་སྒྲིག་འཛུགས་སམ་ཚོགས་པ་གཞན་གང་རུང་ནས་སློབ་གྲོན་གྱི་ཆ་ཤས་རོགས་རམ་ཐོབ་མུས་ཡིན་པ་ཞིག་དགོས། ཨ་རི་བོད་ཀྱི་ཐེབས་རྩ་ནས་ལོ་རེའི་ཁྱད་ལས་སློབ་ཡོན་འགྲོ་གྲོན་ཁྱོན་འབོར་གྱི་བརྒྱ་ཆ་སུམ་ཅུ་མ་བརྒལ་བ་ཞིག་གནང་རྒྱུ་ཡིན་ཞིང་། དེ་ནི་སློབ་ཕྲུག་གི་སློབ་སྦྱོང་མཇུག་སྐྱོང་ཐུབ་ཐབས་ཆེད་དུ་དམིགས་པ་ཞིག་ཡིན།
ཀ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འགེངས་ཤོག་འབུལ་ཕྱོགས།
༡། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་བསྙོན་མེད་ཡིན་པ།
༢། འཛིན་རིམ་བཅུ་གཉིས་ནང་བརྒྱ་ཆ་ ༦༠ ཡན་ལོན་པ་དགོས།
༣། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass Certificate) ངེས་འབུལ་དགོས་པ།
༤། རང་ཉིད་ཀྱི་ཕྱེད་དཔར་གཉིས་མཉམ་འབུལ་དགོས་རྒྱུ།
༥། དོ་བདག་གི་མི་ཚེའི་ལོ་རྒྱུས་ (Personal Life History) སྙིང་བསྡུས་ཤིག་འབུལ་གནང་དགོས་པ།
༦། རང་ཉིད་སྒེར་གྱི་ཤེས་ཡོན་གྲུབ་འབྲས་དང་མངོན་འདོད་སྐོར་ (Personal Academic Achievements and་Aspirations) རྩོམ་ཐུང་ཞིག་འབུལ་དགོས་རྒྱུ།
༧། རྒྱབ་གཉེར་ཡི་གེ་ཞིག་ (Letter of Recommendation) རང་གི་མཐོ་སློབ་བམ་ཡང་ན་གཙུག་ལག་སློབ་གཉེར་ཁང་ནས་ཞུ་འབུལ་དགོས་པ་ཡིན།
༨། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འགོད་དགོས། *
༩། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སླད་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སབྱོར་གང་རུང་འབུལ་དགོས། *
༡༠། བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་རྒྱབ་གཉེར་མཉམ་སབྱར་དགོས་པ་ ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སབྱོར་འབུལ་དགོས། *
༡༡། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནས་ངོས་སྦྱོར་ཞུ་འབུལ་དགོས། *
༡༢། མཐོ་སློབ་བམ་གཙུག་ལག་སློབ་ཁང་ནས་སློབ་འཇུག་ངོས་བཞེས་ཟིན་པ་དང་སློབ་ཚན་གྱི་མིང་བཅས་འཁོད་པའི་ངོས་སྦྱོར་ཞུ་འབུལ་དགོས།
༡༣། ད་ལྟ་ཐོབ་བཞིན་པའི་སློབ་ཡོན་རོགས་རམ་གྱི་ཁུངས་སྐྱེལ་ཡིག་ཆ་ཕྱོགས་བསྒྲིགས།
༡༤། ཨ་རི་བོད་ཀྱི་ཐེབས་རྩའི་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པར་ཆ་ཚང་བཀང་བ།
༡༥། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་ལས་བྱེད། ཡང་ན་འབྲེལ་ཡོད་མཐོ་སློབ་སློབ་སྤྱིའམ་སློབ་གཉེར་ཁང་སོ་སོའི་སྡེ་ཚན་འགན་འཛིན་གང་རུང་གི་ཞིབ་བཤེར་སོང་བའི་འགན་ལེན་དག་མཆན་(Attestation) ངེས་པར་ཞུ་འབུལ་དགོས།
༡༦། འཚང་སྙན་འགེངས་ཤོག་མཉམ་དུ་ཡིག་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་སྐབས་ལྷ་རབ་བྱུང་ན་དངུལ་རྐྱང་དང་དེ་མིན་དངུལ་ཁང་ནས་ཌབ་འཛིན་ Tibetan Children’s Educational and Welfare Fund (TCEWF) མཚན་ཐོག་བཟོས་ཏེ་འབུལ་དགོས།
༡༧། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
མཆན། གོང་གསལ་སྐར་རྟགས་ཅན་གྱི་ཡིག་ཆ་རྣམས་ལ་ས་གནས་འགོ་འཛིན་ནས་ཞིབ་བསྡུར་ཟིན་པར་བརྟེན་ངོ་བཤུས་ཁག་ཤེས་རིག་ལས་ཁུངས་སུ་འབུལ་མ་དགོས་པ་ཡིན།
ཁ འདེམས་སྒྲུག་བྱེད་ཕྱོགས།
༡། སློབ་ཡོན་གྱི་ཁ་གྲངས་དང་བསླབ་གཞིའི་སློབ་ཚན་གང་གི་ཐོག་སློབ་ཡོན་གནང་འོས་མཆིས་མིན་ཨ་རི་བོད་ཀྱི་ཐེབས་རྩ་ནས་ཐག་གཅོད་གནང་རྒྱུ།
༢། ཤེས་རིག་ལས་ཁུངས་ནས་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་བཞེས་རྒྱུ་དང་། སྙན་འབུལ་བ་རྣམས་ཀྱི་ཐོ་གཞུང་ཨ་རི་བོད་ཀྱི་ཐེབས་རྩར་གཏོང་རྒྱུ།
༣། ཤེས་རིག་ལས་ཁུངས་ནས་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་ལ་ཞིབ་བཤེར་གྱིས་ཆ་རྐྱེན་ཚང་བའི་སྙན་འབུལ་བའི་མཐའ་མའི་མིང་གཞུང་ཨ་རི་བོད་ཀྱི་ཐེབས་རྩར་གཏོང་རྒྱུ།
༤། ཨ་རི་བོད་ཀྱི་ཐེབས་རྩ་ནས་མཐའ་མའི་སློབ་ཕྲུག་འདེམས་སྒྲུག་གནང་རྒྱུ།
ག༽ སློབ་ཡོན་གྱི་ཁས་ལེན་དམ་བཅའ།
སློབ་ཡོན་ལས་རིམ་འདིའི་ཁོངས་འདེམས་སྒྲུག་བྱུང་བ་སུ་རུང་ལ་སློབ་ཡུན་ཆ་ཚང་གི་འགྲོ་གྲོན་ཨ་སྒོར་ ༣༠༠༠ ལས་མང་བ་ཞུ་ཐོབ་བྱུང་ཚེ་སློབ་སྦྱོང་ཐོན་རྗེས་རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་པའི་སྤྱི་ཚོགས་ཁྲོད་ཉུང་མཐར་ལོ་གསུམ་རིང་ཞབས་ཞུ་བསྒྲུབ་དགོས་རྒྱུ། འདེམས་སྒྲུག་བྱུང་བའི་སློབ་ཕྲུག་རྣམས་དང་ཨ་རི་བོད་ཀྱི་ཐེབས་རྩ་བར་གན་རྒྱ་འཇོག་དགོས་པ་དང་གལ་ཏེ་གན་རྒྱའི་འབྲུ་དོན་ལྟར་ཞབས་ཞུ་བསྒྲུབ་མ་ཐུབ་ཚེ་སློབ་གྲོན་ཆ་ཚང་ཕྱིར་སློག་དགོས་པ་ཡིན།
ང༽ ཇི་ལྟར་སྙན་འབུལ་བྱ་དགོས།
སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.sherig.org/www.tcewf.org ནས་ཕབ་བཤུས་ཀྱིས་འབུལ་འཐུས་ཆོག་རྒྱུ།
ཅ༽ འཚང་སྙན་གྱི་མཐའ་མའི་དུས་བཀག
གོང་གསལ་ཆ་རྐྱེན་ཚང་ཞིང་དོན་གཉེར་བཅོས་མིན་ཡོད་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་སུ་རུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༥ འགྱངས་མེད་ཤེས་རིག་ལས་ཁུངས་སུ་དགོས་མཁོའི་ཡིག་ཆ་ཁག་དང་འཚང་སྙན་འགེངས་ཤོག་འབུལ་འབྱོར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ལ།།
འབྲེལ་གཏུག་བྱ་ཡུལ་ཁ་བྱང་།
Secretary
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra
Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.sherig.org/www.tcewf.org