༢༠༡༡ ཟླ་ ༩ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེཀ་སི་ཀོའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨར་ཇེན་ཊི་ནའི་རྒྱལ་ས་བྷོ་ནི་སི་ཨ་རི་སིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཨར་ཇེན་ཊི་ནའི་ཕྱི་འབྲེལ་ལས་ཁུངས་ཀྱི་སྣེ་ཤན་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གདན་ཞུ་གོ་སྒྲིག་ཚོགས་ཆུང་བཀའ་བརྒྱུད་པའི་ཆོས་ཚོགས་གཉིས་ཡོད་པ་ནས་བཀའ་བརྒྱུད་ཐེག་ཆེན་ཆོས་གླིང་གི་བླ་མ་སངས་རྒྱས་རྡོ་རྗེ་ལགས་དང་བླ་མ་རིན་ཆེན་ལགས་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་ཁག་གཅིག་ཀྱང་ཕེབས་བསུར་བཅར་ཡོད། དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་ཕོར་སི་སན་ཞེས་པ་དེར་༸ཞབས་སོར་འཁོད་མཚམས་གདན་ཞུའི་གོ་སྒྲིག་ཚོགས་ཆུང་དོན་བརྒྱུད་གླིང་འབྲུག་པ་བཀའ་བརྒྱུད་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གཙོས་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་མཇལ་དར་དང་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་གསར་འགོད་པ་ ༢༥ ཙམ་ལ་མཇལ་ཁ་དང་ཁོང་ཚོའི་དྲི་བར་བཀའ་ལན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་དོན་གཙོ་བོ་ནི་གྲོགས་པོ་རྙིང་པ་མང་པོ་ཞིག་གིས་མགྲོན་འབོད་ཞུས་པ་དང་ཆབས་གཅིག ༸གོང་ས་མཆོག་གི་མཛད་འགན་གཙོ་བོ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་ཡིན་སྐོར་བཀའ་སྩལ་བ་མ་ཟད། གསར་འགོད་པ་ཚོ་ལའང་སྤྱི་ཚོགས་ཀྱི་བདེ་དོན་གོང་འཕེལ་གཏོང་ཐབས་སུ་ཕྱོགས་ལྷུང་མེད་པ་དྲང་བདེན་གྱི་ལམ་ནས་བཟང་སྤྱོད་དེ་དག་གོང་མཐོར་གཏོང་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ཡོད་པ་དྲན་སྐུལ་ཡང་མཛད། དེ་བཞིན་དེང་སྐབས་སྤྱི་ཚོགས་ཁྲོད་ལྐོག་བཟའ་རུལ་སྲུངས་ཀྱི་དཀའ་ངལ་དེ་བཞིན་ནད་གསར་པ་ལྟ་བུ་ཞིག་ཆགས་བཞིན་ཡོད་པར་བརྟེན་གསར་འགོད་པ་ཚོས་ལྐོག་བཟའ་བྱེད་མཁན་སུ་ཡིན་མིན་ཞིབ་འཇུག་ཐེར་འདོན་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་དགོས་སྐོར་བཀའ་སློབ་སྩལ། གསར་འགོད་ལྷན་ཚོགས་གྲོལ་མཚམས་ཨར་ཇེན་ཊི་ནའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་པི་རི་ཛེ་ཨེ་སི་ཁུ་ཝེལ་ (Perez Esquival) མཆོག་དང་མཇལ་འཕྲད་མཛད་དེ་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད།
ཕྱོགས་མཚུངས་༸གོང་ས་མཆོག་དང་ཨར་ཇེན་ཊི་ནའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་མ་རི་ཡ་ལུར་ (Dr./Ms. Maria Laura Leguizamon) མཆོག་དང་ཁོང་གི་ནང་མི་བཅས་དང་མཇལ་འཕྲད་མཛད། ཉིན་རྒྱབ་༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་སློབ་གསོ་སྤྲད་དེ་འཛམ་གླིང་བཟང་དུ་གཏོང་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་གྲངས་ ༢༠༠༠ བརྒལ་བར་ཀོ་ལི་སིའོ་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་བཀའ་སློབ་སྩལ་དོན། དུས་རབས་ ༢༡ དེ་གཞོན་སྐྱེད་ཁྱེད་ཚོར་བདག་ཡོད། ལྷག་པར་ལོ་ན་ ༣༠ སོན་པ་དང་དེ་ལས་ཆུང་བའི་ན་གཞོན་ཚོས་དུས་རབས་ ༢༡ དེ་ཞི་བདེ་དང་ཡར་རྒྱས། འཆམ་མཐུན། བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ཁྱེད་ཚོར་རག་ལུས་ཡོད། ཤེས་ཡོན་རྐྱང་པས་ནང་གི་ཞི་བདེ་བསྐྲུན་རྒྱུ་དེ་ཧ་ཅང་ཁག་པོ་ཆགས་ཡོད། ནང་གི་ཞི་བདེ་དང་བདེ་སྐྱིད་བསྐྲུན་པར་གཙོ་བོ་བྱམས་བརྩེ་དང་སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།