༢༠༡༡ ཟླ་ ༩ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོ་འཇུག་ཆེན་མོའི་ཆོས་འབྲེལ་ཉིན་གཉིས་པའི་བཀའ་ཆོས་དབུ་འཛུགས་དང་སྦྲགས་ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་འགྲོ་བཞིན་པ་དང་བསྟུན་ནང་སེམས་རྒྱུད་ལ་བཅོས་བསྒྱུར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་ཕེབས་དོན། ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད། འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཀྱི་མགྱོགས་ཚད་དེ་ཧ་ཅང་མྱུར་པོ་འགྲོ་བཞིན་ཡོད་ལ་ཡར་རྒྱས་དགོས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་དབུལ་ཕོངས་ཀྱི་སྡུག་བསྔལ་ད་དུང་ཡང་ཤུགས་ཆེན་པོ་གནས་ཡོད། དཔེར་ན། ཨ་ཕི་རི་ཁའི་ནང་ཆ་བཞག་ན། (Latin America)ལ་ཊིན་ཨ་མི་རི་ཁའི་ནང་ལ་ཡང་དབུལ་ཕོངས་ཧ་ཅང་མང་པོ་ཡོད། རྒྱ་གར་ལ་ཧ་ཅང་མང་པོ་རེད། བྷང་ལ་ཌེ་ཤི། དེ་བཞིན་རྒྱ་ནག་སོགས་ལ་དབུལ་ཕོངས་ཧ་ཅང་མང་པོ་ཡོད་པར་བརྟེན། དངོས་པོ་ཡར་རྒྱས་མུ་མཐུད་ནས་འགྲོ་དགོས་པ་ཞིག་ཆགས་ཡོད། དངོས་པོ་ཡར་རྒྱས་མུ་མཐུད་ནས་འགྲོ་གི་རེད་ལ་འགྲོ་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་དེ་དང་ཆབས་ཅིག་དངོས་པོ་ཡར་རྒྱས་ཁོ་ནས་མིའི་འདོད་པ་ཚིམས་ཐུབ་ཀྱི་མེད་པ་མ་ཟད། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཀྱང་བསྐྲུན་ཐུབ་ཀྱི་མེད་པ་ཞིག་ཆགས་ཡོད་སྟབས། སེམས་རྒྱུད་ལ་ཡ་རབས་ཀྱི་སྤྱོད་པ་བཟང་དུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པའི་དུས་ཚོད་ཅིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་དངོས་པོ་རྐྱང་པའི་ཐོག་བསམ་བློ་གཏོང་སྐབས། དངོས་པོ་ཁོ་ནའི་ཐོག་ལ་དྲང་བདེན་དང་ཡ་རབས་ཞེས་པའི་སྐད་ཆ་མེད། ཡ་རབས་དང་དྲང་བདེན་ཞེས་པ་དེ་ནང་སེམས་རྒྱུད་ཀྱི་ཚོར་བ་དང་འབྲེལ་བའི་སྒོ་ནས་བརྗོད་རྒྱུ་རེད་མ་གཏོགས་ཕྱི་དངོས་པོ་ཁོ་ནའི་ཐོག་ནས་ཡ་རབས་དང་དྲང་བདེན་ཞེས་པ་དེ་རྩིས་ས་གང་ཡང་མི་འདུག དེར་བརྟེན་དངོས་པོ་ཁོ་ནར་བསམ་བློ་གཏོང་མཁན་ཚོས་ལྐོག་ཟ་རུལ་སུངས་བྱེད་རྒྱུ། དེ་ལྟ་བུའི་སྒོ་ནས་གང་ལྟར་ལོག་འཚོའི་འཚོ་བ་དང་དུ་ལེན་མཁན་དེ་འདྲ་ཡོང་གི་འདུག དངོས་པོ་ཡར་རྒྱས་འགྲོ་གིན་འགྲོ་གིན་ལ་ལྐོག་ཟ་རུལ་སུངས་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོང་གི་ཡོད་སྟབས། མགོ་བདེ་བ་དེ་དག་ལ་གོ་སྐབས་ཤིག་ཡོད་པ་དང་སྐྱོ་བ་ཚོར་གོ་སྐབས་རྩ་བ་ནས་མེད་པ་ལྟ་བུའི་ཧ་ཅང་དཀའ་ངལ་འདུག དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ཆོས་ཡོད་མེད་ལ་མ་ལྟོས་པར་མི་མང་པོ་ཞིག་གིས་དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་རྒྱུར་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག དེར་བརྟེན་ཡ་རབས་སྤྱོད་བཟང་ཞེས་པ་དེ་རང་དོན་ཁོག་བཅུག་མིན་པར་གཞན་ཕན་གྱི་ལྷག་བསམ་ཡོད་པ་ཞིག་བྱུང་ན། ཕྱི་གསལ་ནང་གསལ་ཐོག་སྤོབས་པ་བྱས་ཏེ་བཤད་ཆོག་གི་རེད། དེ་ལྟ་བུའི་སྒོ་ནས་སྤྱི་ཚོགས་ནང་དུ་ཡིན་ནའང་དོན་དམ་གྱི་གྲོགས་པོ་གྲོགས་མོའི་མཛའ་བཤེས་ཞེས་པ་དེ་ཆགས་ཐུབ་པ་མ་ཟད། ཁྱིམ་ཚང་ནང་དུ་ཡིན་རུང་དོན་དམ་པའི་མཛའ་བཤེས་ཆགས་ཐུབ་པ་ཡོང་གི་རེད། རང་དོན་ཁོ་ན་ཁོག་ཏུ་བཅུག་སྟེ་གཞན་གྱི་བདེ་སྡུག་ལ་ཇི་མི་སྙམ་པའི་བསམ་ཚུལ་ག་ཚོད་ཡོད་པ་དེའི་ཚོད་ཀྱིས་མ་རབས་དང་གཡོ་སྒྱུ། མགོ་སྐོར། ཐུབ་ཚོད་དེ་ཚོའི་གྲས་ཚང་མ་ཡོང་གི་འདུག དེ་བཞིན་བོད་པའི་སྤྱི་ཚོགས་ནང་ལ་ཡ་རབས་དང་དྲང་བདེན་ཞེས་པ་དེ་སྤྱིར་བཏང་བྱས་ནས་ཕལ་ཆེར་གོམས་གཤིས་ལ་ཡོད་པ་རེད། དེ་ལྟ་བུའི་སྒོ་ནས་འཛམ་གླིང་འདིའི་ཐོག་ནས་བོད་པ་ཡོད་སའི་ཡུལ་གྲུ་འདྲ་མིན་ནང་སྤྱི་ཡོངས་ཀྱི་ཆ་ནས་བོད་པར་དགའ་པོ་བྱེད་ཀྱི་འདུག འོན་ཀྱང་དེ་རིང་ཁ་སང་བོད་པའི་སྤྱི་ཚོགས་ནང་ལའང་ཡ་རབས་དང་དྲང་བདེན་ཞེས་པའི་ཚད་དེ་ཕྲན་བུ་དམའ་རུ་འགྲོ་རྒྱུའི་ཉེན་ཁ་ཡོང་གི་འདུག དེ་ལྟ་བུའི་དུས་མཚམས་ཤིིག་ལ་སླེབ་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་སྤྱོ་འཇུག་ཆེན་མོའི་བཀའ་ཆོས་མུ་མཐུད་འཕྲོ་སྐྱོང་མཛད་ཡོད་པ་བཅས། །
༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གཉིས་པའི་ཆོས་འབྲེལ་དབུ་འཛུགས་དང་འབྲེལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།