༢༠༡༡ ཟླ་ ༩ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ ཉིན་དམག་འཁྲུག་སྐབས་དམར་གསོད་བཏང་བ་རྣམས་ཀྱི་རྗེས་དྲན་དང་བཟོད་བསྲན་(Museum Of Memories and Tolerance)ཞེས་པའི་འགྲེམས་སྟོན་ཁང་ཞིག་ཡོད་པ་དེར་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིགས་ཀྱི་འགྲེམས་སྟོན་ཞིག་༸གོང་ས་མཆོག་གིས་དབུ་འབྱེད་མཛད། དེ་ཡང་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་མ་བསྐྱང་གོང་མེཀ་སི་ཀོའི་ནང་སྲིད་བློན་ཆེན་ཟུར་པ་མེཀ་སི་ཀོའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སན་ཊི་ཡ་གོ་ཁི་རིལ་མི་རན་ཌ་(Senator Santiago Creel Miranda) མཆོག་དང་མཇལ་འཕྲད་མཛད།
སྐུ་ཞབས་སན་ཊི་ཡ་གོ་ཁི་རིལ་མི་རན་ཌ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༠༤ ལོར་༸གོང་ས་མཆོག་མེཀ་སི་ཀོར་ཆིབས་སྒྱུར་སྐྱོང་སྐབས་གཞུང་འབྲེལ་ཕེབས་བསུ་ཞུས་ཡོད། མཇལ་འཕྲད་གྲུབ་བསྟུན་༸གོང་ས་མཆོག་འགྲེམས་སྟོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཌ་གྷེ་རེ་མཆོག་དང་ལྷན་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིགས་ཀྱི་འགྲེམས་སྟོན། བོར་བརླག་ཏུ་གྱུར་བའི་བོད་ཡུལ་གྱི་དྲན་བློ་ (Tibet:Memories of a lost Nation) ཞེས་པ་དེ་དབུ་འབྱེད་མཛད། པར་རིགས་ཀྱི་འགྲེམས་སྟོན་དེའི་ནང་༸གོང་ས་མཆོག་གི་མཛད་རྣམ་དང་རྒྱ་ནག་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་ཚུལ། དེ་བཞིན་བོད་ཀྱི་ནང་ཆོས་དང་འབྲེལ་བའི་པར་རིགས་སོགས་ཡོད་འདུག བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དེ་བཞིན་ཁང་མིག་ལྔའི་ནང་སྒྲིག་ཤོམ་གནང་ཡོད།
དབུ་འབྱེད་གྲུབ་མཚམས་༸གོང་ས་མཆོག་གིས་སྐུ་མགྲོན་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བར་བཀའ་སློབ་སྩལ་དོན། འགྲེམས་སྟོན་ཁང་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་འདི་བཞིན་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པར་རིགས་ཀྱི་འགྲེམས་སྟོན་འདི་ལྟ་བུས་མང་ཚོགས་ཁྲོད་གོ་རྟོགས་གོང་འཕེལ་གཏོང་ཐུབ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་འགྲེམས་སྟོན་ནས་ཆིབས་ཞལ་སྒྱུར་ཏེ་མེ་ཊོ་པོ་ལི་ཊན་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ ༣༥༠༠ བརྒལ་བ་ཙམ་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་ཆོས་འབྲེལ་མཛད། ཉིན་གུང་ལྗགས་སྨིན་སྐབས་ཊེ་ལི་ཝི་ས་ཞེས་པའི་བརྙན་འཕྲིན་བརྒྱུད་ལམ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་མཛད། གསར་འགྱུར་བརྒྱུད་ལམ་དེ་ནི་ལྷོ་ཨ་རིའི་གླིང་ཆེན་དང་སི་པེན་སྐད་ཡིག་རྒྱུད་ལམ་ནང་གྲགས་ཆེ་ཤོས་ཤིག་ཡིན་འདུག་པ་བཅས།།