༢༠༡༡ ཟླ་ ༩ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་ཁེ་ཎ་ཌའི་གྲོང་ཁྱེར་མོན་ཊ་རེལ་གྱི་མཐའ་མཚམས་སུ་ཆགས་པའི་ལོང་ཝེལ་(longueil)གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འཇམ་དབྱངས་ཆོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་མཁན་ཟུར་བློ་བཟང་འཇམ་དབྱངས་མཆོག་དང་བོད་མི། དེ་བཞིན་ཝི་ཏི་ནམ་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ལོང་ཝེལ་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སྐུ་ཁེ་རོ་ལིན་(Mrs. Caroline St-Hilaire)མཆོག་གིས་བྱང་བུ་ཞིག་འབུལ་ལམ་ཞུས་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
བྱང་བུ་དེའི་སྟེང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ ཉིན་ལོང་ཝེལ་གྲོང་ཁྱེར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ང་ཚོས་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།
དེ་རྗེས་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་བོད་རིགས་དང་ཝི་ཏི་ནམ་མང་ཚོགས་བཅས་ལ་བཀའ་སློབ་སྩལ་དོན། འཇམ་དབྱངས་ཆོས་ཚོགས་འདི་ལྟ་བུ་བཙུགས་པ་དེས་ནང་ཆོས་གཅེས་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཆོས་ལུགས་གཞན་ནས་ལེགས་ཆ་ལེན་རྒྱུར་ཕན་ཐོགས་བྱེད་ཐུབ།
དེ་ལྟར་བྱས་ཚེ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོད། ཝི་ཏི་ནམ་གྱི་མི་མང་ཚོ་ཡང་བོད་པ་བཞིན་ལེགས་སྦྱར་གྱི་སྐད་ཡིག་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ལ་ཐོས་བསམ་གནང་མཁན་གཅིག་མཚུངས་ཤིག་ཆགས་ཡོད། དེར་བརྟེན་ཝི་ཏི་ནམ་མི་མང་ཚོས་ཀྱང་ང་ཚོ་དང་འདྲ་བར་ཤེས་རབ་སྙིང་པོ་འདོན་སྲོལ་ཡོད་ཅེས་སོགས་དབྱིན་སྐད་ཐོག་བཀའ་སློབ་སྩལ་གྲུབ་བསྟུན། བོད་སྐད་ཐོག་བོད་མི་ཚོར་བཀའ་སློབ་སྩལ་དོན།
ང་ཚོས་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་དུས་རབས་ ༢༡ པའི་ནང་པ་ཞིག་ཆགས་ཐུབ་པ་བྱེད་དགོས། ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་ནས་ང་ཚོའི་བོད་ལ་རྒྱ་གར་ལེགས་སྦྱར་གྱི་སྐད་ཡིག་ནས་དར་བའི་དཔལ་ནཱ་ལེཎྜའི་ཆོས་བརྒྱུད་དྲི་མ་མེད་པ་ཆ་ཚང་བ་ཞིག་ཡོད་པ་དེ་ང་ཚོས་སློབ་སྦྱོང་བྱས་ཐོག་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔ་མོ་རྒྱ་མི་གུང་ཁྲན་གྱིས། ནང་ཆོས་དེ་རྨོངས་དད་ཡིན་པ་དང་ཚན་རིག་ཡར་རྒྱས་ཕྱིན་པ་དང་སྦྲགས་ནང་ཆོས་དེ་རང་བཞིན་གྱི་ག་ལེར་ག་ལེར་ཡལ་འགྲོ་རྒྱུ་ཡིན་པ་ཤོད་ཀྱི་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་བྱེད་རྒྱུ་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཀའ་སྩལ་ཡོད།
ཕྱོགས་མཚུངས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྒན་རབས་ཚོས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་ལྷག་པར་རྒྱའི་དབང་འོག་ཏུ་གནས་སྐབས་མྱོང་ཚོར་ཇི་བྱུང་རྣམས་ཡི་གེར་འབྲི་ཐུབ་པ་བྱུང་ན། བོད་མི་གཞོན་སྐྱེས་ཚོས་ཀྱང་ང་ཚོའི་དངོས་ཡོད་ཀྱི་གནས་སྟངས་གསལ་བཤད་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད་ཅེས་བཀའ་སྩལ་བ་མ་ཟད། ཉེ་ལམ་མགོན་པོ་གང་ཉིད་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་པའི་སྐོར། དེ་བཞིན་དོལ་རྒྱལ་བསྟེན་གསོལ་སྐོར་སོགས་ཞིབ་ཕྲ་གསལ་བཤད་མཛད།
དེ་རྗེས་༸གོང་ས་མཆོག་པ་ལ་ཡི་སི་ཌེ་སི་ཀོང་རེ་སི་(Palais des Congress) ཞེས་པའི་ཚོགས་ཁང་དུ་ཆིབས་སྒྱུར་གྱིས་ཚོགས་ཁང་དེར་༸ཞབས་སོར་འཁོད་བསྟུན་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་སྐབས་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་མཛད་འགན་གཙོ་བོ་གཉིས་དང་དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས། གསར་འགོད་པ་ཚོར་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་ཐད་ཀར་འགན་འཁྲི་གང་ཡང་མེད་ཀྱང་སྤྱི་ཚོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། འགན་ཕྲན་བུ་ཡོད་ཚུལ་སོགས་བཀའ་སྩལ།
ལྷག་པར་གསར་འགོད་པ་ཞིག་ནས་ཁེ་ཎ་ཌའི་ཚོང་དོན་སྒྲིག་འཛུགས་ཤིག་གིས་རྒྱ་ནག་དང་གྲོས་མོལ་གྱིས་བོད་ཀྱི་ས་ཁུལ་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེར་དགོངས་ཚུལ་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་འབྲེལ་ཡོད་ཁེན་ཎ་ཌའི་ཚོང་དོན་སྒྲིག་འཛུགས་དེས་ཚན་རིག་པ་དང་ཁོར་ཡུག་ཉམས་ཞིབ་པར་ཆེད་མངགས་ས་གནས་དེར་ཞིབ་ཚགས་ས་གཞིར་རྟག་དཔྱད་བྱེད་འཇུག་དགོས་པ་དང་། གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེས་རྐྱེན་པས་ཁོར་ཡུག་ལ་གནོད་སྐྱོན་མི་ཡོང་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་དགོས་པ་དང་དེ་ལྟར་མ་བྱུང་ཚེ་ཁེ་ཎ་ཌའི་མཚན་ཡུལ་གྱི་མཚན་ཤས་འགྲོ་རྒྱུ་ཡིན་སྐོར་བཀའ་སྩལ།
གསར་འགོད་པའི་དྲི་བར་བཀའ་ལན་མཛད་གྲུབ་མཚམས་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་གྲུབ་བསྟུན་༸གོང་ས་མཆོག་གིས་བཟང་སྤྱོད་ཀྱི་ལམ་ནས་ཞི་བདེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།
དེང་སྐབས་ཆོས་ལུགས་མི་འདྲ་བ་ཡོད་པ་རྣམས་ཕན་ཚུན་འབྲེལ་བ་ཉེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་ས་ཕྱོགས་གང་དུ་བསྐྱོད་ཀྱང་ཆོས་ལུགས་འདྲ་མིན་གྱི་མི་སྣ་ཚོ་དང་ཐུག་རྒྱུའི་འབད་བརྩོན་བྱས་ཏེ་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམས་དང་ལྷན་ཆོས་ལུགས་མཐུན་སྒྲིལ་ཆེད་ལས་རིགས་འདྲ་མིན་སྤེལ་ཐབས་བྱས་དང་བྱེད་མུས་ཡིན། ཕྲན་བུ་ཕན་གྱི་ཡོད་པའི་བཟོ་འདུག་ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། ཚོགས་འདུ་གོ་སྒྲིག་གནང་མཁན་མེཀ་གྷིལ་གཙུག་ལག་སློབ་གྲྭ་(McGill University)ཆེན་མོ་དང་མོན་ཊ་རེལ་གཙུག་ལག་སློབ་གྲྭ་(Universite de Montreal)ཆེན་མོ། དེ་བཞིན་ཁེ་ཎ་ཌར་ཡོད་པའི་ཏཱ་ལའི་བླ་མའི་ཐེབས་རྩ་བཅས་ཡིན་འདུག
པ་ལ་ཡི་སི་ཌེ་སི་ཀོང་རེ་སི་ཚོགས་ཁང་དེ་ནི་རྒྱལ་སྤྱིའི་ཆོས་ལུགས་ཚོགས་ཆེན་ཐེངས་ ༢ ཚོགས་ཡུལ་དེ་ཆགས་ཡོད། རྒྱལ་སྤྱིའི་ཆོས་ལུགས་ཚོགས་ཆེན་དེ་བཞིན་དེ་སྔ་ཨ་རིའི་ནང་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་རྗེས་འགོ་བཙུགས་པ་ཞིག་ཡིན་འདུག
ཉིན་དེའི་ཕྱེད་ཡོལ་༸གོང་ས་མཆོག་གིས། ཀུན་ཁྱབ་འགན་ཁུར་ཐོག་ནས་རྒྱལ་མཚམས་མེད་པའི་གོ་ལ་སྤྱི་ཡོངས་ཀྱི་མི་སེར། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་ཁེ་ཎ་ཌའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་སྟོན་འཁོར་དང་བཅས་མེཀ་སི་ཀོར་(Mexico)ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།