༢༠༡༡ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་གཞུང་དམངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༡ འཁོར་བའི་དུས་ཆེན་མཛད་སྒོ་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭ་ཆེན་མོར་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་རྡུ་མལ་(Shri Prem Kumar Dhumal)མཆོག་དང།
ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་ཁྲི་བློ་བཟང་སེང་གེ་མཆོག དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། སྲི་ཞུའི་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འགོ་འཛིན། རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག བཞུགས་སྒར་ཁུལ་གནས་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བས་དུས་ཆེན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་པདྨ་ཚེ་རིང་ལགས་ཀྱིས་མཛད་སྒོ་དབུ་ཚུགས་པའི་ཁྱབ་བསྒྲགས་གནང་སྟེ་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་རྒྱ་གར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་ཧི་མ་ཅལ་མངའ་སྡེ་བློན་ཆེན་མཆོག་གིས་རྒྱ་གར་རྒྱལ་དར་དང༌།
དཔལ་ལྡན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོ་གསར་བཞད་སྐད་གསང་མཐོན་པོས་བཏང་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་ཇི་ལྟར་མང་གཙོའི་ལམ་དུ་སྐུལ་འདེད་མཛད་པའི་བཀའ་སློབ་ཁག་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྩལ་བའི་བཀའ་སློབ་གསུང་འཕྲིན་སྔ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གིས་མང་གཙོའི་དུས་དྲན་སྔ་རྗེས་ཀྱི་གསུང་བཤད་ཁག་བཅས་ཕྱོགས་བསྒྲིགས་གནང་བའི།“༼མང་གཙོའི་ལམ་བུ།༽”ཞེས་པ་དང།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་སྐོར་འབྲི་རྩོམ་དང༌། རི་མོའི་འགྲན་བསྡུར་གནང་བ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་བཅས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་དབུ་འབྱེད་གནང་གྲུབ་བསྟུན། ཕྱི་དྲིལ་ཁོར་ཡུག་ཚན་པས་འདོན་སྤེལ་ཞུས་པའི་དཔེ་དེབ་༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།༽”ཞེས་པ་དང། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ཤེས་ཡོན་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་དང༌བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བཅུད། དེ་བཞིན་དིང་རི་ངག་དབང་ལགས་ནས་རྒྱའི་བཙན་འོག་དཀའ་སྡུག་མྱང་པའི་དངོས་འབྱུང་གི་ལོ་རྒྱུས་ཇོ་མོ་གླང་མའི་བུ་ཕྲུག་ཅེས་པ་དབྱིན་ཡིག་ཐོག་ཕབ་བསྒྱུར་ཟིན་པ་བཅས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་དབུ་འབྱེད་གནང་།
དེ་ནས་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པ་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཐོབ་པ།
༡༽ ཚན་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན་སེ་ལ་ཀུ་ཡེ་བོད་ཁྱིམ་གྱི་སློབ་མ། བསྟན་འཛིན་ཚེ་རིང་ལགས། བརྒྱ་ཆ་ ༩༠།༦༠ ད་ལྟ་ལྡི་ལི་ཧན་ས་རཇ་མཐོ་སློབ་ཏུ་(Hans Raj College,Delhi) སློབ་སྦྱོང་གནང་བཞིན་ཡོད།
༢༽ སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན། མ་སུ་རི་བོད་ཁྱིམ་གྱི་སློབ་མ། རིན་ཆེན་དབང་མོ་ལགས། བརྒྱ་ཆ་ ༩༢།༨ ད་ལྟ་ཡུ་པི་ཨེམ་མེ་ཊི་གཙུག་ལག་སློབ་གཉེར་ཁང་དུ་(Amity University,UP) སློབ་སྦྱོང་གནང་མུས་དང་།
༣༽ ཚོང་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ། བསྟན་འཛིན་ཆོས་འཛོམས་ལགས། བརྒྱ་ཆ་ ༨༩།༢ ད་ལྟ་བྷེང་ལོར་མཐོ་སློབ་ཁང་(St. Josephs College,Bangalore)དུ་སློབ་སྦྱོང་གནང་བཞིན་པ་ཡོད། ཁོང་རྣམས་ཡིག་རྒྱུགས་ཡང་རྩེར་སོན་པའི་གཟེངས་རྟགས་ཕྱག་འཁྱེར་དང་། བྱ་དགའ་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ངོ་སྤྲོད་དང་འབྲེལ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་རྡུ་མལ་མཆོག་གིས་དོ་བདག་སོ་སོར་གནང་གྲུབ་མཚམས་ལོ་སྔོན་མ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་དང་བདུན་པ་ནས་དགུ་པ་བར་བཙན་བྱོལ་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་འབྲི་རྩོམ་འགྲན་བསྡུར་དང། འཛིན་རིམ་བཞི་པ་ནས་དྲུག་པ་བར་༸གོང་ས་མཆོག་གི་བཀའ་དྲིན་ཞེས་པའི་ཐོག་འབྲི་རྩོམ་འགྲན་བསྡུར་བཅས་གོ་སྒྲིག་གནང་དོན་བཞིན་འབྲི་རྩོམ་ཨང་རིམ་དང་པོར་བྱ་དགའ་ཧིན་སྒོར་ ༢༠༠༠ དང། ཨང་གཉིས་པར་ཧིན་སྒོར་ ༡༥༠༠ ཨང་གསུམ་པར་ ༡༠༠༠ ཐམ་པ་རེ་དང་ཕྱག་འཁྱེར་རེ་བཅས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གནང། དེ་རྗེས་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་རྡུ་མལ། (Shri Prem Kumar Dhumal) མཆོག་གིས་གསུང་བཤད་གནང་སྟེ་མཛད་སྒོོ་རྒྱལ་ཁའི་ངང་ནས་གྲོལ། དེ་ཡང་ཐེངས་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་གསོལ་རས་སྩལ་རྗེས་མང་གཙོ་དུས་ཆེན་སྲུང་བརྩི་ཐེངས་དང་པོ་དེ་ཆགས་ཡོད། མང་གཙོ་དུས་ཆེན་ནི་གལ་འགངས་ཆེ་བ་ཞིག་ཡིན་པར་བརྟེན་རྒྱུན་ལྡན་དུས་ཆེན་སྲུང་བརྩི་ཞུ་སྐབས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུ་བཞིན་ཡོད་ནའང་ཉེ་ཆར་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་འདས་གྲོངས་སུ་གྱུར་སྟབས་དམ་པ་ཁོང་ལ་མྱ་ངན་མཚོན་ཆེད་གཞས་སྣ་འཁྲབ་སྟོན་གནང་མེད་པ་བཅས།།