༢༠༡༡ ཟླ་ ༩ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༥ ཉིན་༸གོང་ས་མཆོག་ཨར་ཇེན་ཊི་ནའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་བྷར་སིལ་(Brazil)རྒྱལ་ས་སོ་པོ་ལོའི་(Sao Paulo) གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ལི་ཡ་ཌི་སི་ཀིན་(Lia Diskin)མཆོག་དང་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་ལྕམ་སྐུ་ཨ་བྷི་ལ་ཤི་ཇོ་ཤི་(Mrs.Abhilash Joshi)མཆོག་གིས་གཙོས་འབྲེལ་ཡོད་མི་སྣས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་གིས་གནམ་ཐང་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་བསྟི་གནས་ཁང་(World Trade Center)དུ་ཆིབས་སྒྱུར་བསྐྱངས་ཏེ་བྷར་སིལ་ནང་ཡོད་པའི་ཚོང་པ་དང་བཟོ་གྲྭ་ཆེ་ཁག་གི་འཛིན་སྐྱོང་དབུ་ཁྲིད་རྣམས་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་སྩལ་དོན།
དུས་རབས་ ༢༠ ནང་དམག་འཁྲུག་འོག་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད། དེར་བརྟེན་ད་ཆ་ང་ཚོས་དུས་རབས་ ༢༡ ནང་གནས་སྟངས་དེ་འདྲ་ཞིག་བསྐྱར་ལྡབ་བྱེད་ཐབས་མེད། དུས་རབས་ ༢༡ འདི་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཆགས་ཐུབ་པ་བྱེད་དགོས། ང་ཚོས་ཐབས་ཤེས་ཇི་ཙམ་བྱས་ཀྱང་རྙོག་གྲ་མེད་པའི་སྤྱི་ཚོགས་ཤིག་ནམ་ཡང་བཟོ་མི་ཐུབ། མི་རྣམས་ཇི་སྲིད་གནས་པ་དེ་སྲིད་དཀའ་ངལ་དང་རྙོག་གྲ་ཡོད་ཡོད་པ་རེད། འོན་ཀྱང་བསམ་ཚུལ་མི་མཐུན་པ་དང་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། དྲག་པོའི་ལམ་ནས་དཀའ་ངལ་སེལ་རྒྱུའི་དུས་ཚོད་དེ་ད་ཆ་ཡོལ་ཟིན། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་ཡོང་གཞི་གཙོ་བོ་གཅིག་ནི་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཡིན། དེར་བརྟེན་འབྱོར་ལྡན་ཚོ་དང་ལྷག་པར་ཚོང་པའི་དབུ་ཁྲིད་ཚོས་ཉམ་ཐག་མི་མང་གི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐོག་རོགས་རམ་གནང་ཐུབ་པ་བྱེད་དགོས། ས་འོག་ཏུ་ཡོད་པའི་རང་བྱུང་གཏེར་དངོས་དེ་དག་རྫོགས་རྒྱུ་མེད་པ་ཞིག་མིན་སྟབས་ཁོར་ཡུག་གནས་སྟངས་ལ་དོ་ཕོག་འགྲོ་བཞིན་པ་དེར་སྣང་མེད་དུ་མ་བཏང་བར་ཡར་རྒྱས་གང་བཏང་བ་དེ་དག་ཕུགས་བསམ་ལྡན་པའི་ཐོག་ནས་གཏོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། འདིར་ལྷན་འཛོམས་བྱུང་བའི་དབུ་ཁྲིད་རྣམ་པ་ཚོས་མ་འོངས་སྤྱི་ཚོགས་ལ་ཕན་པའི་འཆར་སྣང་གི་དམིགས་ཚད་མཐོན་པོ་བཟུང་ཚེ་འབད་བརྩོན་གང་བྱས་ཀྱང་ཕུགས་ལ་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་པ་ཞིག་ཡོང་ངེས་ཡིན། ཞེས་བཀའ་སློབ་སྩལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། ༸གོང་ས་མཆོག་གིས་ཆུ་ཚོད་གཉིས་ཙམ་རིང་བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད་པ་དེར་ཚོགས་བཅར་བ་ཚང་མས་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད་པ་མ་ཟད། ཚོགས་འདུ་གྲུབ་མཚམས་ཚོགས་བཅར་བ་ཚང་མས་དགའ་བསུའི་ཐལ་མོ་དྲག་ཏུ་བརྡབབ་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་ཛིལ་དུ་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པ།
གསར་གནས།
འབྲེལ་གནས།