༢༠༡༡ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །སྐྱབས་རྗེ་འཁྲུལ་ཞིག་ཞྭ་སྤྲུལ་མཁན་ཆེན་འགྱུར་མེད་ངག་དབང་བློ་གྲོས་རིན་པོ་ཆེ་མཆོག་ནི་ཡ་འབྲོག་སྟག་ལུང་དུ་ཕྱི་ལོ་ ༡༩༢༣ ལོར་སྐུ་འཁྲུངས་ཤིང་དགུང་གྲངས་བཞིར་སོན་སྐབས་མཁན་ཆེན་ངག་དབང་བསྟན་འཛིན་ནོར་བུ་མཆོག་གིས་རང་གི་རྩ་བའི་བླ་མ་འཁྲུལ་ཞིག་བསྟན་འགྲོའི་རྡོ་རྗེ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང། དགུང་གྲངས་བཅུར་སོན་སྐབས་མཁན་པོ་ངག་དབང་མཁྱེན་རབ་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅུ་དགུར་མཁན་པོ་ངག་དབང་མཁྱེན་རབ་མཆོག་དགོངས་པ་རྫོགས་རྗེས་མཁན་རིན་པོ་ཆེ་དམ་དེ་ཉིད་ཀྱི་དགོངས་བཞེད་ལྟར་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་རྫ་རོང་ཕུ་དགོན་པའི་མཁན་པོ་མཛད། དེ་རྗེས་མི་རིང་བར་སྨིན་གྲོལ་གླིང་དགོན་པར་ཐོས་བསམ་སློབ་གཉེར་གནང་ཆེད་ཕེབས། དགོན་དེར་ཕེབས་རྗེས་རང་གི་རྩ་བའི་བླ་མ་གཅུང་ངག་དབང་ཆོས་དར་རིན་པོ་ཆེ་མཆོག་དང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེ་མཆོག་གཉིས་ཀྱིས་མཁན་སློབ་མཛད་དེ་དགེ་སློང་གི་སྡོམ་པ་འབོགས་ཆོག་མཛད།
དེ་ནས་འཁྲུལ་ཞིག་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་སྨིན་གྲོལ་གླིང་དགོན་པར་བདེ་ཆེན་ཆོས་འཛིན་མཆོག་གིས་གཙོས་བླ་མ་ ༣༤ ཙམ་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཛད།
དེ་རྗེས་རིན་པོ་ཆེ་མཆོག་གིས་ལྷ་སར་ཐོས་བསམ་སློབ་གཉེར་གནང་བ་མ་ཟད། ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་མཆོག་དང་སྔ་འགྱུར་རྙིང་མའི་གཙུག་རྒྱན་བདུད་འཇོམས་རིན་པོ་ཆེ་མཆོག་སོགས་བླ་མར་བསྟེན། འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག དེ་བཞིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་སྐྱེ་ཆེན་དམ་པ་བསམ་གྱི་མི་ཁྱབ་པ་དང་ལྷན་ཐོས་བསམ་སློབ་གཉེར་མཛད།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་འཁྲུལ་ཞིག་རིན་པོ་ཆེ་མཆོག་ཀྱང་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༡༩ མཚན་མོར་གངས་ལ་བརྒྱུད་ཤར་ཁུམ་བུ་ཐང་སྨད་དགོན་དུ་བཙན་བྱོལ་ལ་ཕེབས་ནས་ཁུལ་དེར་ལོ་གཅིག་བཞུགས་ནས་སྤྱི་དབང་བྱང་ཆུབ་ཆོས་གླིང་དགོན་པར་སྤོ་གནང་མཛད་དེ་ཁུལ་དེར་ལོ་ལྔ་བཞུགས།
དེ་རྗེས་ཐུབ་བསྟན་ཆོས་གླིང་དགོན་པ་ཕྱག་བཏབ། དགོན་པ་དེ་ད་ཆ་བལ་ཡུལ་ཁུལ་དུ་ཡོད་པའི་དགོན་པ་ཆེ་ཤོས་ཤིག་ཆགས་ཡོད། དགོན་པ་དེར་ད་ཆ་དགེ་འདུན་པ་བོད་རིགས་ཞལ་གྲངས་ ༡༡༣ དང་ཤར་པའི་དགེ་འདུན་པ་ཞལ་གྲངས་ ༥༨ ཡོད། དེ་བཞིན་བོད་རིགས་བཙུན་མ་ ༣༥༢ དང་ཤར་པའི་བཙུན་མ་ ༧༠ ཡོད་པ་མ་ཟད། ཨ་རི་བའི་བཙུན་མ་གཅིག་བཅས་ཁྱོན་དགེ་བཙུན་བསྡོམས་ཞལ་གྲངས་ ༥༩༤ ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་སྔ་འགྱུར་བསྟན་བདག་བླ་ཆེན་རྣམས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༠ ལོར་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་ཆེན་སྐབས་སྔ་འགྱུར་བསྟན་པའི་སྲོག་ཤིང་དུ་གསར་དུ་བསྐོ་གཞག་གནང་རྒྱུར་བཀའ་བསྡུར་མཛད་མཐར་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་དེ་ལྟར་གསོལ་འདེབས་ཞུས་དོན་བཞིན་སྔ་འགྱུར་རྙིང་མའི་གཙུག་རྒྱན་གྱི་མཛད་འགན་བཞེས་ཡོད་པ་བཅས།།
སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་རྨད་བྱུང་མཛད་རྣམ་མདོར་བསྡུས།
གསར་གནས།
འབྲེལ་གནས།