༢༠༡༡ ཟླ་ ༩ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། རྔ་པ་
རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་དགེ་འདུན་པ་ཚེ་ཁོ། རང་ལོ་ ༣༠ ཕ་མིང་ལ་འཇང་ཁོ་ཡིན་པ་ཁོང་དང༌། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས། རང་ལོ་ ༢༢ ཕ་མིང་ལ་ཚེ་རིང་བཀྲ་ཤིས་ཡིན་ཞིང༌། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆེ་བ་ཡིན་པ་ཁོང་གཉིས་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༢ དང་ཟླ་ ༦ རེའི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་པ་དང༌། དེ་བཞིན་རྔ་པ་རྫོང་བློན་ཚང་སྡེ་བའི་རབ་རྒྱས་ཚང་གི་ཀིརྟི་དགོན་པའི་དགེ་འདུན་པ་རྡོ་རྗེ། རང་ལོ་ ༡༦ ཕ་མིང་ལ་རབ་རྒྱས་ཡིན་པ་ཁོང་ལ་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་གསུམ་ལ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་དེ་ལྟར་བཙོན་འཇུག་གི་ཐག་གཅོད་བྱས་པ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཕ་མ་གཅིག་པའི་སྤུན་བློ་བཟང་དར་རྒྱས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་གིས་བཀག་ཉར་བྱས་པ་ཡིན་ཞིང༌། གཞན་གཉིས་ཀྱང་དུས་ཚེས་དེ་འདྲ་ཡས་མས་ཤིག་ལ་འཛིན་བཟུང་བཀག་ཉར་བྱས་པ་ཡིན་འདུག
དེ་སྔོན་ཕྱི་ཟླ་ ༩ ཚེས་འགོ་ནས་ཉིན་བཅོ་ལྔའི་རིང་དགེ་འདུན་པ་རྣམས་ལ་དགོན་པའི་ངོས་ནས་གུང་སེང་སྤྲད་ཡོད་ཅིང་དེང་སྐབས་གུང་སེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་འབོར་ཆེན་ཞིག་ཡང་བསྐྱར་དགོན་པའི་ནང་ལ་འབྱོར་ནས་དགེ་འདུན་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་བརྗོད་ཀྱིན་ཡོད་སྟབས། དགོན་པའི་དགེ་འདུན་པ་ཧ་ཅང་ཉུང་ཉུང་ཞིག་ལས་དགོན་ནང་དུ་ཡོང་མེད་པར་ས་ཕྱོགས་གང་སར་འཐོར་ནས་ཡོད་པར་བརྟེན།དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་རྟག་པར་བསུན་གཙེར་བཟོ་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་སྐབས་དགོན་པའི་དགེ་འདུན་པ་མང་པོ་ཞིག་གནས་དབྱུངས་བཏང་བའི་གསལ་བསྒྲགས་བྱས་ཡོད་ལ། དགེ་འདུན་པ་དེ་དག་ལ་བརྗོད་དོན་ད་ནས་བཟུང་ཀིརྟི་དགོན་པའི་ནང་ལ་མ་ཡོང་བར་སྐྱ་སར་བབ་པ་ཡིན་ན་རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་དང༌། རྒྱ་སྒོར་ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཚུལ་བཤད་ཡོད། དེ་མིན་ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་སྐྱ་སར་བབ་པ་ཞིག་ཡིན་ཕྱིན་རྒྱ་སྒོར་ཁྲི་གཅིག་སྤྲོད་རྒྱུ་དང༌། ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཞེས་བཤད་ཡོད་པ་མ་ཟད། རྐྱེན་གཞན་གྱིས་སྐྱ་སར་བབ་པ་རེ་ཟུང་ཡོང་གི་ཡོད་པ་རྣམས་ལ་ཡང་རྔན་པ་ཡིན་ཟེར་བའི་སྒོར་མོ་སྤྲོད་དུ་འགྲོ་གི་ཡོད་ཀྱང་ལེན་མཁན་བྱུང་མེད་པ་བཅས།།