༄༅། །དེ་རིང་ང་ཚོས་མང་གཙོའི་དུས་དྲན་ཐེངས་ ༥༡ པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་བཞིན་པ་འདི་ནི། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་གཞུང་འབྲེལ་དུས་དྲན་ལོ་འཁོར་མོ་གཅིག་སྲུང་བརྩི་ཞུས་པའི་མཇུག་བསྡོམས་ཀྱི་ཉིན་མོ་འཁེལ་ཡོད་པ་དང་། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་རྗེས་ཀྱི་མང་གཙོའི་དུས་དྲན་ཐེངས་དང་པོ་དེ་ཡིན་པས། ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་མཛད་སྒོ་ཞིག་ཆགས་ཀྱི་ཡོད།
འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ལྔ་ལྷག་ལ་ཕྱིར་བལྟས་བྱེད་སྐབས། བཙན་བྱོལ་གྱི་གནས་སྟངས་འོག་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དང་། ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། མང་ཚོགས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བཅས་གང་ས་ཅི་ཐད་ནས་ང་ཚོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་འདི་ལ་དགའ་སྒོམ་ཞུ་རྒྱུ་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ཕྲུ་གུ་ལག་ཁྲིད་ལྟར་མང་གཙོའི་ལམ་དུ་སྣེ་ཁྲིད་མཛད་པའི་བྱུང་རིམ་རེ་རེ་བཞིན་དྲན་གསོ་ཞུས་ཏེ་བཀའ་དྲིན་བརྗེད་མེད་སྙིང་བཅངས་ཞུ་བཞིན་པ་དང་། ཕྱི་ལོ་ ༢༠༡༠ ལོར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་བཙན་བྱོལ་དུ་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་ལ་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཐུབ་པ་དེའང་བཀའ་དྲིན་རྗེས་དྲན་ཕྲ་མོ་ཙམ་ཞུ་རྒྱུའི་གོ་སྐབས་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་པའི་ཞུ་སྒོ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་མང་གཙོའི་ལམ་ལུགས་ལ་ཐུགས་མོས་ཡོད་ཅིང་། དེ་སྔ་བོད་དུ་སྤྱི་ཚོགས་ལེགས་བཅོས་ཀྱི་དགོངས་བཞེད་བསྐྱངས་ཡོད་ཀྱང་རྒྱ་གཞུང་གིས་བཙན་གནོན་དབང་གིས་ཇི་བཞིན་འགྲུབ་ཐུབ་མེད། འོན་ཀྱང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་མ་ཐག གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་ཐེངས་དང་པོར་འདུ་འཛོམས་ཀྱིས་མནའ་གན་མཐུ་མོ་ཆེ་འབུལ་སྐབས། མང་ཚོགས་ཀྱི་སྐུ་ཚབ་འཐུས་མི་འདེམས་བསྐོ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་དགོངས་ལྟར། སྤྱི་འཐུས་སྐབས་དང་པོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་འཁུར་དམ་འབུལ་ཞུས་པ་དང་སྦྲགས། བཙན་བྱོལ་སྒྲིག་འཛུགས་སྤྱི་ལ་དུས་བསྟུན་བསྒྱུར་བཅོས་གནང་བ་དང་། དེ་བཞིན་ལོ་རབས་ ༦༠ ནང་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་མཛད་དེ་ཁྲིམས་ལུགས་དབང་བསྒྱུར་གྱི་བཙན་བྱོལ་གཞུང་ཞིག་ཏུ་བསྒྱུར་བ་དང་། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ། མང་གཙོའི་ཀ་བ་གསུམ་གྱིས་མཚོན་ཆ་ལག་ཚང་བའི་སྒྲིག་འཛུགས་ཚད་ལྡན་གྱི་ངོ་བོར་བསྐྱར་བཅོས་དང་། ༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལམ་སྲོལ་བཟོ་གནང་མཛད་པ། ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་ལམ་རྩིས་སྤྲོད་མཛད་པ་བཅས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་བསྟན་སྲིད་བདེ་ཐབས་སླད་གཟིགས་སྐྱོང་མཛད་པའི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཡིན་པ་སུས་ཀྱང་བསྙོན་ཐབས་མེད།
འདས་པའི་དུས་ཡུན་རིང་སྤྱི་སྒེར་གྱི་ལས་གནས་ཅི་རིགས་སུ་བསྟན་སྲིད་མི་རིགས་ལ་སྲི་ཞུ་སྒྲུབ་མཁན་རྒན་རབས་པ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ད་ལྟ་ང་ཚོར་ཐོབ་པའི་གྲུབ་འབྲས་རྣམས་རྒན་རབས་པའི་དཀའ་སྤྱད་འབད་བརྩོན་གྱི་ཕྱག་རྗེས་སུ་བྱུང་བས། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལོ་ ༡༠ རིང་སྤྱི་ལྷན་ཚོགས་གཙོ་གནང་སྐབས། གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས། བཀའ་ཁྲིའི་མཛད་འགན་ལོ་ ༡༠ བཞེས་ཡུན་རིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་མཐའ་དག་ཚགས་ཚུད་འཐུས་ཚང་ལྡན་པ་བཅས་སུ་སྣེ་ཁྲིད་གནང་ཡོད་པར་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
འཛམ་གླིང་ཁྱོན་འདིར་ཆབ་སྲིད་དང་དཔལ་འབྱོར་གྱི་ཡོ་ལང་འཁྲུག་ཆ་ཆེ་བའི་སྐབས་འདིར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་འདིར་བྱམས་བརྩེ་དང་ཞི་བདེ། འཆམ་མཐུན་དང་བདེ་སྐྱིད་ཀྱི་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་རྒྱུའི་ཐུགས་བསྐྱེད་དམ་བཅའ་མངོན་འགྱུར་ཡོང་བར་རང་ཅག་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་དགོས་པ་དང་། མགོན་པོ་མཆོག་གི་མཛད་པ་འཕྲིན་ལས་ཅི་ཙམ་རྒྱས་པ་དེ་ཙམ་གྱིས་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཕན་རླབས་ཆེ་བས། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ། མང་ཚོགས་བཅས་ནས་མཐུན་ལམ་དམ་ཚིག་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། མགོན་པོ་གང་གི་མཛད་འཕྲིན་མཐའ་དག་ལ་དབུ་འོག་དཔུང་འདེགས་ཞུས་ཐོག འབྱུང་སྲིད་པའི་དཀའ་ངལ་མཐའ་དག་ལ་སྔར་ལས་ལྷག་པའི་གདོང་ལེན་བྱེད་དགོས་པའི་སྐུལ་འདེབས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་ཟིན་མ་ཐག་པའི་དུས་སྐབས་འདིར། འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་མཛད་འཁུར་བཞེས་བཞིན་པར་སྔར་དང་མི་འདྲ་བའི་ལས་འགན་ལྗིད་པོ་ཞིག་ཡོད་པ་སྨོས་མེད་ཐོག བོད་དོན་བདེན་མཐའ་མྱུར་གསལ་ཡོང་ཐབས་གཙོས། བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་ལ་སོགས་མི་ཉམས་རྒྱུན་འཛིན་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གོང་མཐོར་གཏོང་དགོས་ཀྱི་ལས་རིམ། བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས། གཞིས་ཆགས་སྲ་བརྟན་ལ་སོགས་པའི་ལས་འགན་གང་མང་ཞིག་ཡོད་པས། དེ་དག་ཚུལ་བཞིན་སྒྲུབ་པ་ལ་རང་རེའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད་པ། བོད་མི་མང་ཚོགས་བཅས་ཁྱོན་ཡོངས་ནས་མཉམ་རུབ་ཀྱི་འགན་ཁུར་ལེན་དགོས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་ཀ་བ་གསུམ་སོ་སོའི་འགན་དབང་ལྗིད་སྙོམས་སྟངས་འཛིན་གྱི་འགྲོ་ལུགས་གཞིར་བཟུང་སྐབས་ ༡༤ པའི་བཀའ་ཤག་ལ་ཁྲིམས་སྒྲིག་དང་སྲིད་ཇུས་སོགས་ཀྱི་རྒྱུས་སྟོན་དང་། མཉམ་རུབ་ཀྱི་འགན་འཁྱེར་རྒྱུའི་འབད་བརྩོན་གང་ཡོང་ཞུ་འཆར་ཡོད་ཅིང་། འཚོགས་ལ་ཉེ་བའི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་བཀའ་ཤག་སྐབས་ ༡༤ པའི་བཀའ་བློན་འདེམས་བསྐོའི་ལས་རིམ་དང་། ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་རིམ་རྒྱ་ཆེར་ཞུ་དགོས་ཡོད།
ཉེ་ཆར་སྐབས་ ༡༥ པའི་སྤྱི་འཐུས་རྣམ་པ་ས་གནས་ཆ་བགོས་ཀྱིས་འཚམས་འདྲི་གཟིགས་སྐོར་དུ་ཕེབས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོའི་འགྱུར་འགྲོས་ངོ་སྤྲོད་དང་། མང་ཚོགས་ཀྱི་བསམ་ཚུལ་བདེ་སྡུག་གསན་གཟིགས་གནང་ཡོད་པ་མ་ཟད། ཚོགས་དུས་གཉིས་པ་གྲོལ་རྗེས་སྔར་བཞིན་སྤྱི་འཐུས་རྣམ་པ་ས་བགོས་ཕྱོགས་བསྐྱོད་ཀྱིས་ས་གནས་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་དང་། གནས་སྟངས་གཟིགས་ཞིབ་ཆེད་ཕེབས་གཏན་འཁེལ་ཡོད་པས། ས་གནས་སྒྲིག་འཛུགས་ཁག་དང་། མང་ཚོགས། དབུས་སྒྲིག་འཛུགས་དབར་ཐད་ཀའི་བརྒྱུད་ལམ་བསྐྲུན་ཐབས་ལ་དམིགས་པའི་གྲོས་ཚོགས་ཀྱི་ལས་འཆར་འདིར་འབྲེལ་ཆགས་ཁག་ཚང་མས་སྔར་ལྷག་མཐུན་འགྱུར་མཉམ་རུབ་དང་ཐུགས་སྣང་དམ་དོན་དགོས་པའི་གཞེན་སྐུལ་ཞུ་རྒྱུ་ཡིན།
སྤྱི་ལྷན་ནས་རྒྱལ་སྤྱིའི་ཁྱོན་དུ་དབུས་དང་ས་གནས་ཀྱི་གྲོས་ཚོགས་འཐུས་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚགས་ཚུད་དང་གསར་འཛུགས་ལ་འབད་བརྩོན་དང་། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་། ཆེད་མཁས་པ། ཉམས་ཞིབ་པ། རྩོམ་པ་པོ་དང་གསར་འགོད་པ་སོགས་གནད་ཡོད་ལ་འབྲེལ་གཏུགས་ཀྱི་ལས་འཆར་སྒྲིག་བཞིན་པ་ཡིན།
སྤྱིར་ན་རྒྱལ་སྤྱིའི་ནང་དང་རྒྱ་ནག་ནང་གནད་དོན་མང་པོའི་ཐོག་འགྱུར་བ་མང་དག་ཅིག་འགྲོ་བཞིན་ཡོད་ནའང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ལས་ལྡོག་སྟེ། བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པ་རྩ་མེད་གཏོང་རྒྱུའི་ངན་བྱུས་དམར་རྗེན་དུ་སྤེལ་བཞིན་པ་དང་། རྒྱལ་སྤྱིའི་སྟེང་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ ༦༠ ཟེར་བ་དང་། རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་བཅོས་མ་དང་རྫུན་སྒྲོག་གི་ལས་འཆར་དེ་དག་གི་རྒྱབ་ལོགས་ཀྱི་གནད་དོན་ངོ་མ་ནི། རྒྱ་གཞུང་གིས་བོད་ནང་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ད་དུང་རྒྱུན་མཐུད་སྤེལ་ཤུགས་ཆེ་རུ་གཏོང་བཞིན་པ་དང་། བོད་མི་རྣམས་རང་དབང་གི་དུས་ཡུན་སྐར་ཆ་གཅིག་ཙམ་ཡང་མེད་པར་ཉིན་མཚན་འཇིགས་སྣང་གི་འོག་ཏུ་སྡོད་དགོས་གྱུར་ཡོད་པ་དཔེར་ན། འདི་ལོ་ཨ་མདོ་རྔ་བ་དང་། ཁམས་དཀར་མཛེས་དང་རྟའུ་སོགས་སུ་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་དུ་ངོ་རྒོལ་སྐད་འབོད་དང་། ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་དང་། ཟླ་ ༨ ཚེས་ ༡༥ ཉིན་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་གཉིས་ནས་སྔ་རྗེས་སུ་རང་ལུས་མེར་བསྲེགས་ཀྱིས་གཅེས་སྲོག་བློས་བཏང་བ་སོགས་ཀྱི་ཞི་བའི་རེ་འདུན་ལ་རྒྱ་གཞུང་ནས་ཉན་འཇོག་བདག་སྤྲོད་ལས་ལྡོག་སྟེ་དྲག་གནོན་བརྙས་གཙེར་གྱི་བྱེད་ཐབས་འཛིན་སྟངས་དེས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གསལ་སྟོན་བྱས་ཡོད།
གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་། དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་བཙན་ཤེད་ཀྱི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས། བོད་མིའི་ཕ་མེས་ནས་བརྒྱུད་པའི་ཞིང་འབྲོག་གི་འཚོ་བ་སྐྱེལ་སྟངས་བཙན་བསྒྱུར་མི་བྱེད་པ་དང་། ཆོས་སྡེ་ཁག་ཏུ་རང་དབང་ཐོག་གསན་བསམ་སློབ་གཉེར་བྱེད་ཆོག་པའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་བྱ་རྒྱུ་ཡིན།
གཞིས་བྱེས་བོད་མིའི་ཐུན་མོང་གི་མངོན་འདོད་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། གལ་སྲིད་རྒྱུ་རྐྱེན་བཟློག་མེད་དབང་གིས་བོད་མིའི་རང་དབང་འཐབ་རྩོད་ལ་དུས་ཡུན་འགོར་འགྱངས་དགོས་པ་གྱུར་ཚེ། ང་ཚོས་ད་ལྟ་ནས་བཟུང་དེར་བསྟུན་གྱི་གྲ་སྒྲིག་བྱེད་དགོས་པ་དང་། གཞིས་ལུས་བོད་མི་ཚོས་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་སྲུང་འཛིན་དང་། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་བཀོད་པའི་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་ལ་འབད་འབུངས་བྱེད་དགོས་པ་དང་། བཙན་བྱོལ་དུ་དབུས་དང་ས་གནས་ཀྱི་སྒྲིག་འཛུགས་ཚགས་ཚུད་དང་། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས་སོགས་སྤྱི་ཡོངས་ལས་གཞིའི་ཐོག ཆབ་སྲིད་དང་མང་གཙོའི་གོ་རྟོགས་གོང་མཐོར་གཏོང་རྒྱུར་སྤྱི་སྒེར་ཚང་མས་ནུས་པ་མཉམ་སྤུངས་བྱེད་དགོས་ཤིང་། འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་དུ་གནས་པའི་བོད་མི་རྣམས་ནས་བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྒྲིག་འཛུགས་དང་བྱེད་སྒོ་ཚགས་ཚུད་སྲ་བརྟན་དུ་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་གྱིས་མཚོན་སྤྱི་དོན་ཐོག་སྔར་ལྷག་ཕྱར་བ་གྲུ་འདེགས་ཀྱི་ཁུར་བསྐྱེད་གནང་དགོས།
རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་དབུ་ཁྲིད། གྲོས་ཚོགས་ཀྱི་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ། མི་མང་བཅས་དང་། ལྷག་པར་དུ་འདས་པའི་མི་ལོ་ ༥༢ ལྷག་གི་རིང་། རྒྱ་གར་དབུས་དང་ས་གནས་གཞུང་། མི་མང་བཅས་ནས་ང་ཚོར་ཕ་ཡུལ་གཉིས་པ་ལྟ་བུའི་རོགས་ཕན་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་གནད་དོན་ཐོག་ཚང་མས་སྔར་ལྷག་ཐུགས་ཁུར་ཆེ་བསྐྱེད་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།
མཐའ་དོན། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། མགོན་པོ་མཆོག་གིས་ཐུགས་བསྐྱེད་བཞིན་བོད་དང་བོད་མི་རྣམས་མཉེས་བཞིན་རྗེས་སུ་བཟུང་སྟེ་བོད་བསྟན་སྲིད་ཀྱི་ཞུ་སྒོར་ཟབ་གསལ་ལམ་སྟོན་བཀའ་སློབ་དུས་ནས་དུས་སུ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ལ། །
མང་གཙོའི་དུས་དྲན་ཐེངས་ ༥༡ པའི་མཛད་སྒོའི་སྟེང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
གསར་གནས།
འབྲེལ་གནས།