༢༠༡༡ ཟླ་ ༩ ཚེས་་༢༧ རེས་གཟའ་མིག་དམར།
༄༅། །ཕ་རན་སིའི་ཡུལ་གྱི་ལྷོ་ངོས་སུ་རྟེན་གཞི་བྱས་པའི་ལེ་ཀ་ནེ་ཊི་ཌ་སི་མུ་རེ་སི་(Le Cannet Des Maures)ཞེས་པའི་གྲོང་སྡེ་ཆུང་ཆུང་དེའི་གྲོང་སྡེའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས། འཛིན་སྐྱོང་འཐུས་མི་གྲངས་ ༢༣ ཡོད་པ་རྣམས་ཀྱིས་སྤྱི་མོས་ཐོག་བོད་ཀྱི་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་ལ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཐག་གཅོད་གནང་བ་མ་ཟད། གྲོང་སྡེའི་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་འདྲེང་འཛུགས་གནང་རྒྱུའི་ཐག་གཅོད་ཀྱང་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་དག་ལག་བསྟར་ཆེད་མཛད་སྒོ་ཞིག་གོ་སྒྲིག་ཞུ་སྐབས་པེ་རི་སིའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇིན་ལཀ་ལོང་གུར་(Dr. Jean Luc Longour) མཆོག་ལ་བོད་ཀྱི་རྒྱལ་དར་ཞིག་ཕུལ་ཡོད། མཛད་སྒོ་དེ་བཞིན་ཕྱི་ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་ཚུགས་རྒྱུ་གྲོང་སྡེ་དེའི་ལོ་འཁོར་དུས་སྟོན་དང་སྟབས་འཁེལ་བ་ཞིག་ཡིན་འདུག ཕྱོགས་མཚུངས་དུས་སྟོན་དེའི་ཐོག་བོད་དོན་གློག་བརྙན་བོད་དང་མཚོ་སྔོན་པོ། ཞེས་པ་སོགས་གློག་བརྙན་ཁག་གཉིས་མང་ཚོགས་ལ་བསྟན་གྲུབ་མཚམས། མང་ཚོགས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་ཡོད།
ད་བར་ཕ་རན་སིའི་གྲོང་སྡེ་འདྲ་མིན་གྲངས་ ༣༨ ཙམ་གྱིས་བོད་ཀྱི་ས་ཁུལ་འདྲ་མིན་ཁག་གི་ནང་མཐུན་འགྱུར་རོགས་རམ་གནང་མུས་ཡིན་པ་དང་ཐེངས་འདིའི་གྲོང་སྡེའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་རྗེས་ཕ་རན་སིའི་གྲོང་སྡེས་བོད་དོན་རྒྱབ་སྐྱོར་ཐོག་དངོས་སུ་བོད་ཀྱི་ས་ཁུལ་ཁག་གི་ནང་བོད་མིའི་ངོ་བོ་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྲངས་ ༣༩ ཆག་ཡོད། གཞན་ཡང་ས་ཁུལ་དེའི་ཉེ་འགྲམ་དུ་ཆགས་པའི་ཝི་ཊོ་ལེ་སི་ཞེས་པའི་གྲོང་སྡེའི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འགྲེང་འཛུགས་བྱས་ཏེ་ད་བར་ལོ་ངོ་བདུན་ཙམ་འགྲོ་བཞིན་ཡོད་པ་བཅས།།
བོད་ཀྱི་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་ལ་ཕ་རན་སི་གྲོང་སྡེ་ཞིག་གིས་རོགས་རམ་འོག་ལྟ་སྐྱོང་གནང་རྒྱུའི་གྲོས་ཆོད་བཞག་པ།
གསར་གནས།
འབྲེལ་གནས།