༢༠༡༡ ཟླ་ ༩ ཚེས་ ༢༢
༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་ཚོགས་ཐེངས་བཅུ་གཅིག་པར་ཆིབས་བསྒྱུར་བཀྲིན་བསྐྱངས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་འཛིན་བླ་ཆེན་རྣམ་པ་དང་། བླ་ཆེན་རྣམ་པའི་སྐུ་ཚབ། གཞན་ཡང་ཚོགས་བཅར་བ་རྣམ་པ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཐོག་མར་ངས་ཆོས་ཚོགས་ཐེངས་བཅུ་གཅིག་པར་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་པ་ཆེན་པོས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཁུར་འགོ་ཚུགས་ཞུས་པའི་སྐབས་འདིར། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བླ་ཆེན་རྣམ་པ་དུས་གཅིག་ལ་མཇལ་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་དང་། རྟེན་འབྲེལ་བཟང་པོ་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད། དེར་བརྟེན། ད་རེས་གོ་སྐབས་འདི་དང་བསྟུན་ནས་འབྱུང་འགྱུར་ལོ་ལྔའི་རིང་ལག་བསྟར་ཞུ་རྒྱུའི་བཀའ་ཤག་སྐབས་བཅུ་བཞི་པའི་སྲིད་བྱུས་དང་ལས་གཞི་གལ་གནད་ཆེ་བ་ཁག་བླ་ཆེན་རྣམ་པར་སྙན་སྒྲོན་ཞུ་རྒྱུའི་གོ་སྐབས་བླང་རྒྱུ་ཡིན།ཉེ་སྔོན་བཀའ་བློན་ཁྲི་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་མཛད་སྒོའི་ཉིན་༸གོང་ས་མཆོག་གིས་ཆེས་གལ་གནད་ཆེ་བའི་བཀའ་སློབ་ལམ་སྟོན་ཕེབས་པའི་ནང་། སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ་་ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང་། ཞེས་གསུངས་པ་དང་།
ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་བསྩལ་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲོད་གནང་བ་དེས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དང་། ཁྲིམས་མཐུན་གྱི་བདག་དབང་། ལོ་རྒྱུས་ཀྱི་རང་བཞིན་བཅས་མུ་མཐུད་རྒྱུན་མཐུད་པ་མཚོན་གྱི་ཡོད། ཁ་ཤས་ཀྱིས་འགྱུར་བ་འདི་ང་ཚོས་ལེའུ་གསར་པ་ཞིག་འགོ་ཚུགས་ཀྱི་ཡོད་པ་ལྟ་བུའི་ངོས་འཛིན་བྱེད་པ་ནི་དོན་དངོས་དང་མཐུན་གྱི་མེད། ཕྲན་གྱི་དམ་འབུལ་གཏམ་བཤད་ནང་ཞུས་ཟིན་པ་ལྟར། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྣམས་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ལས། བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མིན། ད་ཆ་༸གོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་གནང་མི་དགོས་པར་བོད་མི་རྣམས་རང་གི་རྐང་པའི་ཐོག་ལངས་ཐུབ་པ་བྱེད་དགོས་སྟབས། བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་དང་། ཁྱད་པར་ཁྲིམས་ལུགས་དབང་འཛིན་དང་། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་འགོ་ཁྲིད་རྣམས་ནས་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ལས་དོན་འགན་ཁུར་ཐུབ་པ་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད། ད་ལྟའི་དུས་སྐབས་འདི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་གནས་སྟངས་ཤིག་ཡིན་སྟབས། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ང་ཚོར་རེ་བའི་མིག་འབུར་ལྟ་བཞིན་པའི་གཞིས་བཞུགས་བོད་རིགས་སྤན་ཟླ་རྣམས་ཐུགས་ཕམ་མི་ཡོང་བ་བྱ་རྒྱུ་ཡིན།བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་ལོ་ལྔའི་རིང་ཆིག་བསྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་གསུམ་པོ་གཞི་རྩར་བཟུང་ནས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྲ་བརྟན་རྒྱུན་གནས་ཀྱིས་བོད་མིའི་རང་དབང་བསྐྱར་གསོ་དང་། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་ཐབས། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་ཁྱད་པར་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་འགན་ཁུར་རྒྱ་གར་དབུས་སའི་གཞུང་གིས་ཐུགས་འགན་རྐང་བཞེས་ཐོག་བདེ་སྲུང་ལས་ཁུངས་ནས་དམ་དོན་ཞུ་མུས་ལྟར་སྐུ་ཕྱའི་ཞུ་སྒོ་མཐའ་དག་འཐུས་ཤོར་མེད་པ་ཡོང་ཆེད་བསྐྱར་ཞིབ་ཇི་དགོས་ཞུ་རྒྱུ་ཡིན།བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྒྱ་ཆེའི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་ཚད་མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན། ད་ལྟའི་ཆར་རྒྱ་ནག་གི་འགོ་ཁྲིད་རྣམས་མུ་མཐུད་ལྟ་བ་མཁྲེགས་འཛིན་བྱེད་ཀྱི་ཡོད། ལོ་རྗེས་མ་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་འགྲོ་གི་ཡོད་པས་འཛམ་གླིང་ཡོངས་ནས་དོ་སྣང་ཆེན་པོ་བྱེད་པ་ལྟར། ང་ཚོས་ཀྱང་གནས་སྟངས་ཇི་ཆགས་ཞིབ་ཚགས་པོའི་སྒོ་ནས་བརྟག་ཞིབ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་འབྲེལ་ལམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དང་།
བོད་ཀྱི་ཁོར་ཡུག་གནས་སྟངས་དྲིལ་བསྒྲགས་དང་སྲུང་སྐྱོབ་ཐུབ་ཐབས་ཞུ་རྒྱུ།ཤེས་ཡོན་ནི་འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ཉི་ཤུའི་ནང་། བཙན་བྱོལ་དུ་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་དང་། བོད་ནང་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།དེ་བཞིན་འཛིན་སྐྱོང་ནང་ཁྱད་ལས་མི་སྣ་གསོ་སྐྱོང་ཐུབ་ཐབས་དང་། འཕྲུལ་རིག་ལག་རྩལ་དང་། སྤྱི་ཚོགས་འབྲེལ་གཏུགས་ཀྱི་བརྒྱུད་ལམ་ཁག་བེད་སྤྱད་པའི་སྒོ་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་དང་། མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་འབད་བརྩོན་ཞུ་རྒྱུ། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང་། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ། བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང་། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། མང་ཚོགས་ཀྱི་འཕྲོད་བསྟེན་གོ་རྟོགས་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས། གཞིས་བཞུགས་བོད་མིའི་སེམས་ཤུགས་གོང་དུ་འཕེལ་བ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྷག་དཀར་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་རྒྱུ་བཅས་ཡིན། ཆོས་དང་རིག་གཞུང་ནི་བོད་མི་རིགས་ཀྱི་བླ་སྲོག་དང་། བོད་མིའི་དཔལ་ཡོན་གྱི་ཉིང་བཅུད་ལྟ་བུ་ཡིན་སྟབས། བོད་ནང་དུས་འགྱུར་དབང་གིས་ཉམས་ཆག་ཚབས་ཆེ་བྱུང་མོད།
འདས་པའི་མི་ལོ་ལྔ་བཅུའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་དང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་མཛད་པ་འཕྲིན་ལས་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་རིས་སུ་མ་ཆད་པའི་བཤད་སྒྲུབ་ཀྱི་ལྟེ་གནས་ཁག་མང་ཆེ་བ་བསྐྱར་འཛུགས་ཐུབ་པ་མ་ཟད། འཛམ་གླིང་གང་སར་བོད་བརྒྱུད་ནང་ཆོས་དར་ཁྱབ་ཤུགས་ཆེ་འགྲོ་དང་འགྲོ་བཞིན་པ་ནི་དགའ་སྤོབས་འོས་པ་ཡིན། ཁྱད་པར་དགོན་སྡེ་གྲྭ་ཚང་རྣམས་གཞུང་གི་རོགས་རམ་ལ་བརྟེན་མ་དགོས་པར་རང་ཁ་རང་གསོ་ཐུབ་པ་ནི་གཟི་བརྗིད་ཅན་ཞིག་རེད་སྙམ། དཔེར་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ནས་ཆོས་དང་རིག་གཞུང་ཆེད་འགྲོ་སོང་བཏང་བ་སྔོན་རྩིས་ཀྱི་ ༤ ཡང་བྱེད་ཀྱི་མེད།གོང་དུ་སྙན་གསན་ཞུས་པ་ལྟར། བཀའ་ཤག་གི་ལས་འཆར་མང་དག་ཅིག་ཡོད་པའི་ཁོངས་ནས་ཤེས་ཡོན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་བླ་ཆེན་རྣམ་པ་ཚོ་དང་། དགོན་སྡེ་གྲྭ་ཚང་ཁག་ནས་མཐུན་འགྱུར་རོགས་རམ་གནང་བདེ་ཡོད་སྟབས། མ་འོངས་པར་སྐྱབས་འཇུག་ཞུ་རྒྱུ་ཡིན་ན་མཐུན་འགྱུར་ཡོང་བ་ཞེས་ཞུ་རྒྱུ་ཡིན།མཐའ་དོན། ད་རེེས་ཀྱི་ཚོགས་འདུ་འདི་ལམ་ལྷོངས་ཡོང་བ་དང་། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོས་དབུས་པའི་རིས་མེད་བླ་ཆེན་རྣམ་པའི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅས། ཐུགས་རྗེ་ཆེ།