༢༠༡༡ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༩ ཉིན་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསར་དུ་འདེམས་ཐོན་བྱུང་བའི་ཕྱག་རོགས་བཀའ་བློན་དྲུག་ལྷན་ཁང་སོ་སོར་བསྐོ་གཞག་དང་འབྲེལ་ལས་འཁུར་བཞེས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།
དེ་ཉིན་ཆུ་ཚོད་ ༡།༡༥ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་རོགས་བཀའ་བློན་རྣམ་པ་དྲུག་དང་། དྲིལ་བསྒྲགས་དྲུང་ཆེ་རྣམ་གཉིས། བཀའ་ཤག་གི་འབྲེལ་ཡོད་ལས་བྱེད་དང་ཕྱི་ནང་གསར་འགོད་པ་ཁྱོན་མི་གྲངས་ ༣༠ བརྒལ་བ་ལྷན་འཛོམས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཐོག་མར་ཕྱག་རོགས་བཀའ་བློན་སོ་སོའི་མཚན་སྒྲོགས་སྦྱང་དང་འབྲེལ་ལྷན་ཁང་སོ་སོའི་ལས་འགན་བཞེས་རྒྱུ་ཡིན་པའི་ཐོག་བཀའ་བློན་རྣམས་ཀྱི་མཚན་དང་ལོ་རྒྱུས་སྙིང་བསྡུས་ཤིག་འགྲེལ་བརྗོད་གནང་དོན། འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་ཚེས་ ༡༦ ཉིན་ཞུས་པ་བཞིན་དེ་རིང་འདིར་བཀའ་བློན་རྣམ་པ་ངོ་སྤྲོད་ཞུ་རྒྱུ་ཡིན། ངོས་ནས་འོས་བསྡུར་ལངས་སྐབས་ག་རེ་ཞུས་པ་ཡིན་ཞེ་ན་བཀའ་ཤག་ནང་ཆོལ་ཁ་གསུམ་ནས་ཡིན་པའི་བཀའ་བློན་རྒན་གཞོན་གཉིས་ཀ་ཡོད་པ་དང་། དེ་བཞིན་བུད་མེད་ཡིན་པ་བཅས་བཀའ་བློན་དུ་བསྐོ་གཞག་བྱེད་ཀྱི་ཡིན་ཞེས་བཤད་པ་ལྟར་བཀའ་བློན་རྣམ་པ་དྲུག་ཡོད། ཁོང་རྣམ་པ་དྲུག་གི་ནང་རྒན་གཞོན་གཉིས་ཀ་ལ་ལྷག་བསམ་དང། ཤེས་ཡོན། ཉམས་མྱོང། འཇོན་ཐང། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་སྤྱི་པའི་དོན་དུ་ཞབས་ཕྱི་ཞུས་མྱོང་མཁན་ཡིན་པ་ཙམ་མ་ཟད། མ་འོངས་པར་ཡང་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོའི་ཐོག་ནས་ཞབས་ཕྱི་ཞུ་འདོད་ཡོད་མཁན་ཁོ་ན་ཡོད་ཅེས་ཞུ་རྒྱུ་ཡིན། ངས་བཀའ་བློན་རྣམ་པས་ལྷན་ཁང་གང་དང་གང་གི་ལས་ཁུར་བཞེས་རྒྱུ་ཡིན་མིན་ངོ་སྤྲོད་ཞུ་རྒྱུར་ བཀའ་བློན་པདྨ་ཆོས་འབྱོར་ལགས་ཆོས་རིག་ལྷན་ཁང་གི་བཀའ་བློན་དང། བཀའ་བློན་ཚེ་རིང་དོན་གྲུབ་ལགས་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཚེ་རིང་དབང་ཕྱུག་ལགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་གྱི་བཀའ་བློན་ལས་འགན་འཁྱེར་རྒྱུ་རེད། ཁོང་རྣམ་པས་ལྷན་ཁང་རེ་རེར་འདེམས་དགོས་པའི་རྒྱུ་མཚན་སྙིང་བསྡུས་ཤིག་ཞུས་ན།
བཀའ་བློན་པདྨ་ཆོས་འབྱོར་ལགས་ནི་བོད་ནང་སྐྱེས་ཤིང་རྒྱ་གར་ཅན་དྷི་གྷར་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་དགེ་རྒན་ཡུན་རིང་གནང་མྱོང་ཡོད་པ་དང། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཐེངས་གཉིས་གནང་ཡོད་པ་མ་ཟད། བཀའ་བློན་ཡང་གནང་མྱོང་ཡོད། ཁོང་གང་ཅིའི་ཐོག་ནས་ཉམས་མྱོང་ཚད་ལྡན་ཞིག་ཡོད་པར་བརྟེན་ཆོས་རིག་ལྷན་ཁང་འཚམས་ཤོས་མཐོང་བྱུང།
བཀའ་བློན་ཚེ་རིང་དོན་གྲུབ་ལགས་ནི་དཔལ་འབྱོར་གྱི་ཐོག་ནས་ M.Com སློབ་སྦྱོང་གནང་ཡོད་པ་མ་ཟད། དཔལ་འབྱོར་ལས་ཁུངས་སུ་ཕྱག་ལས་ཡུན་རིང་གནང་མྱོང་ཡོད། དེ་སྔ་ཡང་དཔལ་འབྱོར་བཀའ་བློན་གནང་ཡོད་མ་ཟད། ཉམས་མྱོང་ཚད་ལྡན་ཞིག་ཡོད་པ་སྨྲོས་མེད་རེད།
བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ནི་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་གསང་བའི་བང་མཛོད་ལྟ་བུ་ཆགས་ཡོད་པར་བརྟེན། བདེ་སྲུང་ལས་ཁུངས་སུ་ད་བར་ལོ་ཡུན་རིང་ཤོས་ཕྱག་ལས་གནང་ཡོད་པས་ཁོང་ནི་ང་ཚོའི་སྒྲིག་འཛུགས་ནང་མེད་དུ་མི་རུང་བ་ཞིག་ཆགས་ཡོད།
བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནི་གྲོས་ཚོགས་ནང་ལོ་ ༢༠ ཙམ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་དང། དེ་བཞིན་སྤྱི་ཚོགས་ནང་ཕྱག་ལས་མང་པོ་གནང་མྱོང་ཡོད། ཡོངས་གྲགས་སུ་ཁོང་ནི་རྒྱ་གར་ནང་རྒྱ་གར་དཔོན་རིགས་ཁག་དང་འབྲེལ་བ་བྱེད་རྒྱུ། གཞི་རྩའི་ང་ཚོ་ཚང་མ་རྒྱ་གར་ནང་སྐྱེས་ཡོད་ཀྱང་ཁོང་ལ་དམིགས་བསལ་འབྲེལ་བ་གནང་ཐུབ་པའི་ནུས་པ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ང་ཚོའི་གཞིས་ཆགས་ཁག་མང་ཆེ་བ་རྒྱ་བལ་འབྲུག་གསུམ་གྱི་ནང་ཆགས་ཡོད། གཞིས་ཆགས་ཁག་དེ་ཚོའི་ནང་དཀའ་ངལ་བརྒྱ་ ༥༠ ཙམ་རྒྱ་གར་དང་འབྲེལ་བ་ཆགས་ཡོད་སྟབས་ཁོང་གི་ཐུགས་ཕན་གསོ་བའི་ཞབས་ཕྱི་ཞུས་ཐུབ་པའི་ཡིད་ཆེས་ཡོད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཕྱི་དྲིལ་ལས་ཁུངས་སུ་བསྐོས་དགོས་དོན་ནི་ཁོང་རང་སློ༞བ་སྦྱོང་གནང་བ་དེ་ (Double M.A) ཞུས་ན་འགྲིག་གི་རེད། གཅིག་དེ་དབུས་ཨེ་ཤི་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ (Central Asian Studies) ཐོག་གནང་ཡོད་པ་དང། གཉིས་པ་དེ་ (Development) སྤྱི་ཚོགས་ཡར་རྒྱས་ཀྱི་ཐོག་གནང་ཡོད། ང་ཚོའི་བོད་པའི་གནད་དོན་དེ་དབུས་ཨེ་ཤི་ཡ་དང་ཨེ་ཤི་ཡའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱི་ཚོགས་ཡར་རྒྱས་ཀྱི་ཐོག་ལ་ཡིན་ནའང་ཕྱི་རྒྱལ་རོགས་ཚོགས་ཁག་དང། དེ་བཞིན་རྒྱ་ནག་ནང་ཡར་རྒྱས་ཀྱི་ཐོག་གནོན་ཤུགས་ག་ཚོད་འགྲོ་གི་ཡོད་མེད་ཐོག་སློབ་སྦྱོང་གནང་བ་མ་ཟད། ཁོང་བོད་ནང་ལོ་བཅུ་ཙམ་རིང་ཕྱག་ལས་གནང་སྟེ་ལོ་བཞི་ཨ་མདོ་ཁུལ་དུ་བཞུགས་ཡོད། སྐབས་དེར་ཁོང་གིས་རྒྱ་སྐད་ལོ་གཅིག་རིང་སྦྱང་མྱོང་ཡོད་པར་བརྟེན། ཁོང་གི་རྒྱ་སྐད་ཕྲན་བུ་ཤེས་ཀྱི་ཡོད། གཙོ་ཆེ་ཤོས་བོད་སྐད་ཤེས་པའི་ཐོག་དབྱིན་སྐད་དང་ཕ་རན་སིའི་སྐད་ཀྱང་ཤེས་ཀྱི་ཡོད། ཕྱི་དྲིལ་གྱི་ཐོག་རྒྱ་ནག་གལ་ཆེ་ཤོས་ཆགས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ན་ཨ་རི་དང་བྱང་ཨ་རི་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། ཁོང་ས་གནས་དེ་གཉིས་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ད་ལྟའི་ཆར་ཁེ་ན་ཌར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོར་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཞེས་མུས་ཡིན། དེར་བརྟེན་ང་ཚོས་དྲིལ་བསྒྲགས་དང་ཕྱི་འབྲེལ་གཉིས་ཀར་བྱེད་དགོས་པར་བརྟེན་དེ་གཉིས་ཐོག་ཁོང་ལ་ཤེས་ཡོན་དང་ཉམས་མྱོང་གཉིས་ཀ་ཚད་ལྡན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
དེ་བཞིན་བཀའ་བློན་སྨན་པ་ཚེ་རིང་དབང་ཕྱུག་ལགས་ལྟ་བུ་མཚོན་ན་འཕྲོད་བསྟེན་ལས་ཁུངས་ནི་ལྷན་ཁང་ཁག་གི་ནང་ནས་གསར་ཤོས་སམ་གཞོན་ཤོས་ཆགས་ཡོད། བཀའ་བློན་ནང་ནས་ཀྱང་ཁོང་ལོ་ནའི་ཆ་ནས་གཞོན་ཤོས་ཡིན། ཁོང་གིས་པོ་ལེན་ཌིར་ཨེམ་ཇིའི་སློབ་སྦྱོང་མཐར་ཕྱིན་པ་གནང་རྗེས། ཨོ་རི་ས་གཞིས་ཆགས་སུ་སྨན་པ་ལོ་ཤས་གནང་ཡོད་པ་མ་ཟད། རྡོར་གླིང་བོད་མིའི་གཞིས་ཆགས་སུ་སྨན་པ་གནང་ཡོད། དེ་ནས་སྦེལ་ཀོབ་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་དུ་སྨན་པ་གནང་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནི་སྨན་དང་ནད་རིགས་ལ་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན་ཁོང་ལྷན་ཁང་འདིར་འཚམ་པོ་མཐོང་བྱུང།
ཤེས་རིག་ལས་ཁུངས་དེ་ང་རང་གིས་གཅིག་ལྕོགས་ཞབས་ཞུ་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན་དེ་སྔ་འོས་བསྡུའི་གསལ་བསྒྲགས་རིམ་པའི་སྐབས་ཤེས་ཡོན་དེ་འཛིན་སྐྱོངས་ནང་ནས་གལ་ཆེན་ཤོས་རྩིས་ཀྱི་ཡིན། ཞེས་བཤད་པ་བཞིན་ཐོག་མར་འགོ་འཛུགས་དུས་ནས་གོ་རིམ་ཡག་པོ་ཞིག་སྒྲིག་ཐུབ་པ་ཡིན་ན་ཐུགས་ཕན་གསོས་པ་ཡོང་བའི་ལས་འཆར་ཞིག་ཡིན། ཕྱག་རོགས་བཀའ་བློན་དྲུག་རྣམས་ཤེས་ཡོན་དང་། ཉམས་མྱོང་། ལྷག་བསམ། སྙིང་སྟོབས། གཙོ་ཆེ་ཤོས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་བོད་ཕྱི་ནང་གི་གནས་སྟངས་གཞིར་བཞག་ཐོག་ཞབས་ཕྱི་ཞུ་མཁན་ཡིན་པར་ང་རང་ངོས་ནས་གདེང་ཚོད་བློས་འཁེལ་ཆོག་པ་དང་། ལོ་ལྔའི་ནང་ཁྱིམ་ཚང་གཅིག་ལྟར་ཞབས་ཕྱི་ཞུ་རྒྱུའི་རེ་བ་དང་འབད་བརྩོན་ཞུ་རྒྱུ༉་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་གྲུབ་བསྟུན་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།