༢༠༡༡ ཟླ་ ༩ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན།
ཚང་མས་དགོངས་པར་མངའ་གསལ་ལྟར་ཉེ་ལམ་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༨ དགོང་དྲོ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ས་ཁུལ་སྒང་ཏོག་དང་། ར་ཝང་ལ། རྡོར་གླིང་། དེ་བཞིན་བལ་ཡུལ་རྒྱལ་ཁབ་ཀྱི་ས་ཁུལ་ཝ་ལུང་བཅས་སུ་ས་ཡོམ་ཤུགས་ཚད་ ༦་༩ ཙམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆགས་ཤུགས་ཆེ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གར་ཨོ་རི་ས་མངའ་སྡེའི་ཁོངས་གཏོགས་རྫོང་སྡེ་ ༦ ཙམ་ལ་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ཉིན་ཆུ་ལོག་གིས་ད་ལྟའི་བར་ཡུལ་མི་རོབ་རྩིས་མི་གྲངས་ ༣༣ རྐྱེན་འདས་དང་། མི་གྲངས་ ༡༢ ཙམ་གར་སོང་ཆ་མེད། ཡུལ་མིའི་རྒྱུ་དངོས་མ་གནས་རོབ་རྩིས་སྒོར་ས་ཡ་ ༢༡༠༠ ཙམ་རྩ་མེད་གྱོང་གུན་ཕོག་ཡོད་འདུག་པའི་ཐོག ད་ལྟ་ཡང་འགྲོ་འདུག་གནས་མལ་གང་ཐད་ངལ་བ་ཆེ་འཕྲད་ཀྱིས་དཀའ་ངལ་ནང་ལྷུང་སྟེ་ཡོད་འདུག
༡༽ རང་ཅག་བོད་མི་སྐྱབས་བཅོལ་བ་རྣམས་ལ་བལ་ཡུལ་རྒྱལ་ཁབ་དང་ལྷག་པར་རྒྱ་གར་གཞུང་དང་མི་མང་རྣམས་ཀྱིས་བསམ་གྱི་མི་ཁྱབ་པ་དང་གཞལ་དུ་མེད་པའི་བཀྲིན་རླབས་ཆེན་བསྐྱངས་གནང་ཡོད་པ་ཚང་མས་བློར་མངའ་སེམས་བཞག་ལ་སོང་། བཀྲིན་དེ་དག་གི་བརྒྱ་ཆ་ཆ་ཤས་ཙམ་གསབ་ཕྱིར་ད་ལྟའི་དཀའ་ཚེགས་སྐབས་གདུང་སེམས་མཉམ་བསྐྱེད་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས། དེ་བཞིན་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར། ང་རང་ཚོ་བོད་མི་སྐྱབས་བཅོལ་བའི་ངོས་ནས་གང་ཐུབ་ཅི་ནུས་ཀྱིས་སེམས་གསོའི་ཚུལ་དུ་རྒྱ་མཚོ་ཆུ་ཐིགས་ཀྱི་འབྲེལ་མཚོན་མི་རྒྱུ་གཉིས་ནས་དེ་སྔ་རྒྱ་གར་མངའ་སྡེ་གུ་ཇུ་རཊ་(Gujarat)རུ་གོད་ཆག་བྱུང་སྐབས་རང་རིགས་རྣམས་ནས་གདུང་སེམས་མཉམ་སྐྱེ་ཞུས་ཏེ་མཐུན་འགྱུར་གཞོགས་འདེགས་གང་གནང་བ་ལྟར་གནང་ཐབས་དགོས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༩ འཁོད་བཀའ་ཡིག་ཕེབས་པ་བཅས་ཀྱི་དགོངས་དོན་འདི་ག་ནང་སྲིད་ལས་ཁུངས་ནས་སྣེ་སེལ་སྔོན་འགྲོའི་སྔ་འདོན་རྒུད་སྐྱོབ་རོགས་འདེགས་ཕྲན་བུ་རེ་ཨོ་རི་ས་དང་སྒང་ཏོག་མངའ་སྡེའི་འབྲེལ་ཆགས་ས་གནས་སོ་སོའི་ས་གནས་འགོ་འཛིན་བརྒྱུད་ཁུངས་གཏོང་ཟིན་ཞིང་། ད་དུང་ཡང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་བཅས་ཀྱི་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་སུ་གཏོགས་པའི་མང་ཚོགས་དང་། རིས་མེད་དགོན་སྡེ་ཁག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་སྐྱིད་སྡུག་ཡོད་དོ་ཅོག་ཚང་མས་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གནང་སྐྱོངས་ཡོང་བའི་ཛ་དྲག་འབོད་བསྐུལ་གསལ་བསྒྲགས་ནན་གཏན་ཞུ་རྒྱུ་དང་། ས་གནས་སོ་སོ་ནས་ཞལ་འདེབས་ཇི་བྱུང་གི་དངུལ་འབབ་མིང་གཞུང་དང་བཅས་འདི་གར་དབུས་ངལ་སེལ་ཚོགས་པའི་མཚན་ཐོག་ཌབ་འཛིན་(DD in favour of CTRC)ཁོ་ནའི་ཐོག་འཕྲལ་དུ་གཏོང་གནང་ཡོང་བ་ལས། Online Bank Transfer བརྒྱུད་ནམ་ཡང་མ་གཏོང་རོགས་ཞུ་རྒྱུ་ཡིན།
༢༽ས་གནས་འབྲེལ་ཆགས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཁོངས་སེར་སྐྱ་མང་ཚོགས་ཁྲོད་ནས་དྭང་བླངས་ཀྱིས་ཆུ་ལོག་གོད་ཆགས་བྱུང་བའི་ས་ཐོག་ཏུ་ཡུལ་མི་དང་མཛའ་འབྲེལ་ལར་རྒྱ་དང་གདུང་སེམས་མཉམ་སྐྱེ་ཡིས་ས་གནས་ནས་རྒྱག་རང་ཁུར་ཐོག་མི་གྲངས་ངོ་བསྐྱོད་ཀྱིས་ངལ་རྩོལ་གཞོགས་འདེགས་ཞབས་ཞུར་འཕྲལ་ཐོན་བྱུང་འདུག་པ་བཅས། མདོར་ན་རང་རེ་བོད་མི་སྐྱབས་བཅོལ་བ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ནུབ་ཕྱོགས་རྒྱལ་ཁབ་ཁག་བཅས་གང་དུ་བཞུགས་པ་ཚང་མས་ཐུགས་འཁུར་ཆེ་བཞེས་ཀྱིས་ཞལ་འདེབས་རྒྱ་མི་ཆུང་བ་དགོངས་བཞེས་ཡོང་བ་དང་། དེ་དག་ཤ་ཁུ་ཤར་འཐིམ་གྱི་བེད་སྤྱོད་ཇི་ལྟར་ཞུས་པ་ཁག་ཀྱང་ཕྱི་གསལ་ནང་གསལ་གྱིས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཞུ་རྒྱུ་ཡིན་པ་བཅས་ཀྱི་ཛ་དྲག་འབོད་བསྐུལ་གསལ་བསྒྲགས་སུ། ཞེས་པའི་ཛ་དྲག་གི་གསལ་བསྒྲགས་སྤེལ་འདུག་པ་དེ་དོན་འབྲེལ་ཡོད་ཚང་མས་གསལ་རྟོགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་པ་བཅས།།
ནང་སྲིད་ལས་ཁུངས་ཀྱི་ཛ་དྲག་འབོད་བསྐུལ།
གསར་གནས།
འབྲེལ་གནས།