༢༠༡༡ ཟླ་ ༩ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ཉིན་བཏང་གནས་ནང་འཁོད་དོན། རྒྱ་གར་དང་བལ་ཡུལ་ཁུལ་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཡོད་པའི་གཞིས་ཆགས་ཁག་ ༨ དང༌། རྩིས་ཞིབ་སྤྱི་ཁྱབ་ལས་ཁང༌། བཀའ་དྲུང་ཡིག་ཚང་བཅས་ནས་མི་འགྲོ་གྲངས་ ༡༨ ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ནས་ ༡༤ བར་ཉིན་གྲངས་ ༡༠ རིང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ ༤ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གོ་སྒྲིག་ཞུས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༩ པའི་ཐོག་སྦྱོང་བརྡར་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་བའི་ཐོག་མར་སྤྱི་ཁྱབ་ཁྲིམས་དྲུང་ཀུན་དགའ་རྡོ་རྗེ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས་རྗེས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་རིམ་པ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན། ད་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱ་གར་དང་བལ་ཡུལ་ཁུལ་དུ་རང་རིགས་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ཟབ་སྦྱོང་སྔ་རྗེས་གནང་ཡོད་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་གཞི་གཙོ་བོ་ནི་རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཀྱི་དབང་བསྒྱུར་ཡང་དག་པ་ཞིག་ལག་ལེན་དུ་འཁེལ་ཐུབ་པ་དགོས་ཀྱི་ཡོད་པ་མ་ཟད། སྤྱིར་མང་གཙོའི་རྒྱལ་ཁབ་སོ་སོའི་སྤྱི་དང༌། སྒེར། གཞུང༌། ལྷག་པར་དུ་མི་མང་དཀྱུས་མ་ཉམ་ཐག་བཅས་སུ་ལའང་ཡུལ་ལུང་སོ་སོའི་ཁྲིམས་ལུགས་སྦྱོང་བརྡར་ལྡན་པའི་ཁྲིམས་རྩོད་པ་དགོས་མཁོ་ཧ་ཅང་ཆེན་པོ་ཡིན་སྟབས། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ཁ་མཆུ་ཞུ་གཏུག་གི་བྱ་རིམ་རྣམས་གསལ་པོ་མགོ་མ་འཚོས་པའི་དཀའ་ངལ་ཡོད་རིགས་དེ་དག་སེལ་ཐབས་སུ་གཞིས་ཆགས་དང༌། ཁ་འཐོར་བོད་མིའི་འདུས་སྡོད་ཁག་ནང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཞུ་ཐུབ་པ་བྱུང་ན། ས་གནས་སོ་སོར་ཁ་མཆུ་ཞུ་གཏུག་གི་བྱ་རིམ་མི་ཤེས་མཁན་རྣམས་ནས་ལམ་སྟོན་ཞུ་ཡུལ་ཡོད་པ་མ་ཟད། ཁྲིམས་རྩོད་པ་བསྟེན་དགོས་རིགས་ལ་ཁྲིམས་རྩོད་པའི་ལས་དོན་སྒྲུབ་མཁན་ཡོད་པ་བཅས་ཀྱི་དགོས་མཁོའི་མཐུན་རྐྱེན་དེས་མང་ཚོགས་སྤྱི་དང༌། ལྷག་པར་དུ་མི་མང་སྙོམས་ཆུང་ཉམ་ཐག་རྣམས་ལ་ཕན་ཐོགས་ཅི་ཆེ་ཡོང་རྒྱུ་དང༌། ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ནང་ཁ་མཆུའི་བྱ་རིམ་དུས་འགྱངས་སུ་མི་འབྱུང་བའི་དགེ་མཚན་ཡོད་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༠ ཟླ་ ༧ པའི་ནང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྱབ་ཁོངས་ས་གནས་ཁག་ནས་མི་གྲངས་ ༣༥ ལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༢ པ་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་ནང་བྱང་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་དུ་ཁྱབ་ཁོངས་ས་གནས་ཁག་ནས་མི་གྲངས་ ༢༣ ལ་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་བཅས་གོ་སྒྲིག་ཞུས་པ་དང༌། ད་རེས་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ པའི་སྦྱོང་བརྡར་བ་རྣམས་ནས་ཁྲིམས་ལུགས་སྦྱོང་བརྡར་ཐོག་འབད་བརྩོན་ཆེ་སྐྱེད་དགོས་པ་མ་ཟད། བོད་མིའི་ཁྲིམས་རྩོད་པའི་དེབ་སྐྱེལ་ལག་ཁྱེར་ཞུས་ཐོབ་རྗེས་རང་རེའི་སྤྱི་ཚོགས་ནང་དགོས་མཁོར་གཞིགས་པའི་མང་ཚོགས་ལ་རོགས་ཕན་གང་ཐུབ་ཞུ་དགོས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང༌།
ཉིན་གྲངས་ ༡༠ རིང་ཉིན་རེར་ཚོགས་ཐུན་ ༤ རེ་བྱས་ཏེ། ཉིན་ ༧ རིང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང༌། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག ཁྲིམས་ལུགས་རིག་པ་བ་བསྟན་འཛིན་ལྷུན་གྲུབ་ལགས། ཁྲིམས་ལུགས་རིག་པ་བ་རིག་འཛིན་རྡོ་རྗེ་ལགས་བཅས་ནས་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དེབ་གསུམ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཆགས་དོན་ཚན་ཁག བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་བླང་དོར་ལམ་སྟོན་བཅས་སློབ་འཁྲིད་གནང་བ་དང༌། སྦྱོང་བརྡར་གྱི་ཉིན་ ༨ པ་དང་ ༩ པ་ཉིན་གཉིས་རིང་ཚོགས་ཆུང་ཁག་ ༣ དུ་ཆ་བགོས་ཀྱིས་ཁ་མཆུའི་ཞུ་རྩ་དང༌། ཞུ་ལན་འབྲི་སྟངས། ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་གཏུག་དང༌། དཔང་རྟགས་དང་དཔང་པོ་འདོན་འབུལ་གྱི་བྱ་རིམ་སོགས་དམར་ཁྲིད་ཀྱི་ལམ་ནས་སྦྱོང་བརྡར་སྤྲད་དེ་ཕན་ཐོགས་གང་ལེགས་བྱུང་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ ཉིན་སྔ་དྲོ་མུ་མཐུད་སློབ་འཁྲིད་གནང་སྟེ། ཉིན་རྒྱབ་ཚོུད་ ༣་༡༥ ཐོག་མཇུག་བསྡོམས་མཛད་སྒོའི་སྐབས་ལས་དྲུང་འཇིགས་མེད་ཆོས་སྒྲོན་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས་ཏེ། སྦྱོར་བརྡར་བའི་སྐུ་ཚབ་བན་ད་ར་ནོར་རྒྱས་གླིང་གི་མི་འགྲོ་སྐལ་བཟང་ཆོས་གྲགས་ལགས་ནས་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་དེ་བཞིན་ཕན་ཐོགས་ཇི་བྱུང་དང༌། མ་འོངས་པར་ལས་རིམ་དེ་རིགས་མུ་མཐུད་གོ་སྒྲིག་གནང་ཐུབ་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གང་མིན་ཕན་ཐོགས་ཡོང་རྒྱུ་དང༌། སྐབས་འདིའི་སྦྱོང་བརྡར་བ་རྣམས་ནས་ཀྱང་སོ་སོའི་ས་གནས་སུ་བོད་མིའི་ཁྲིམས་རྩོད་པའི་སྦྱོར་བརྡར་གྱི་དགོས་དམིགས་ལྟར་ལག་ལེན་དོན་འཁྱོལ་ཡོང་བའི་འབད་བརྩོན་ཞུ་ཡི་ཡིན་པའི་སྐོར་གཏམ་བཤད་གནང༌།
ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ནས་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ པའི་ལག་ཁྱེར་གནང༌། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་སྦྱོང་བརྡར་བ་མི་གྲངས་ ༡༨ ཁོངས་ནས་མི་གྲངས་ ༡༧ ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་གནང༌། འཕྲོས་སྦྱོང་བརྡར་བ་ ༡ ཁྲིམས་ཡིག་དགོངས་དོན་རང་ལོ་ ༢༥ མ་སོན་སྟབས་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་ཞུ་རྒྱུའི་སྙན་ཞུ་ཕུལ་མེད།
དེ་རྗེས་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་ནས་སྦྱོང་བརྡར་གྱི་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་འདི་གར་ཉིན་ ༡༠ རིང་བཅའ་ཁྲིམས་ཀྱི་ནང་གསལ་ཁྲིམས་ལུགས་དབང་འཛིན་གྱི་འབྲེལ་ཆགས་དོན་ཚན་ཁག་དང༌། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་དེབ་གསུམ་གྱི་དོན་ཚན་ཁག་མ་ལུས་པ་དམར་འཁྲིད་ལྟ་བུ་ཞིག་སྦྱོང་བརྡར་ཕུལ་བ་དེ་དག་སྦྱོང་བརྡར་བ་རྣམས་ཀྱི་་ཐུགས་རྒྱུད་ལ་ཆ་ཚང་བ་ཞིག་འཇུག་པའི་རེ་བ་དང༌། ཁྲིམས་ལུགས་དབང་འཛིན་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ལྡན་གྱི་ཡ་གྱལ་གཅིག་ཡིན་པའི་དེའི་དམིགས་ཡུལ་གཙོ་བོ་ནི། མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་པའི་དགོས་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། ཁེ་ཕན་དེ་བཞིན་མང་ཚོགས་རང་ངོས་ནས་ལེན་ཐུབ་པ་ཞིག་དགོས་པ་དང༌། དེ་ལེན་ཐུབ་པ་བཟོ་བའི་ལས་འགན་ནི་ང་རང་ཚོར་འཁྲི་བ་ཞིག་དང༌། རྒྱུ་མཚན་དེར་བརྟེན་ནས་ང་ཚོ་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འབད་བརྩོན་རྒྱུན་འཁྱོང་བྱ་དགོས་པའི་སྐོར་དང༌། སྦྱོང་བརྡར་བ་རྣམས་ནས་སློབ་ཁྲིད་ཀྱི་གོ་སྐབས་བཞེས་ཐོག་ ཁྲིམས་རྩོད་པའི་ལག་ཁྱེར་དང༌། ཁས་ལེན་དམ་བཅའ་འབུལ་བཞེས་གནང་བ་བཅས་ཀྱི་རྗེས་སུ་ལས་དོན་དངོས་གཞིའི་སྐབས་སྤྱི་སྒེར་སུ་ལའང་དགོས་མཁོ་ནམ་ཤར་ལ་ཕན་རོགས་གནང་ཐུབ་པ་མ་བྱུང་ན། སློབ་འཁྲིད་གནང་བའི་དགོས་པ་རྒྱུ་མཚན་དང༌། དམིགས་ཡུལ་གང་དེ་མ་འགྲུབ་པ་རེད་ཅེས་ལམ་སྟོན་གསུང་བཤད་གནང༌།
མཐའ་དོན་སྡེ་འགན་འཇིགས་མེད་ཚེ་བརྟན་ལགས་ནས་སྦྱོང་བརྡར་གོ་སྒྲིག་ཐོག་མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྦྱོང་བརྡར་ལེགས་གྲུབ་བྱུང་བ་དང༌། བར་ལམ་ནས་བཟུང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་རིམ་པ་གོ་སྒྲིག་ཞུས་འབྲས་སུ་ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ཁུལ་བོད་མིའི་སྤྱི་ཚོགས་ནང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་ཁྱེར་ཡོད་པ་མི་གྲངས་ ༧༦ ཙམ་ཡོད་པ་བཅས། །
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་བཞི་པ་དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གོ་སྒྲིག་ཞུས་པ།
གསར་གནས།
འབྲེལ་གནས།