༢༠༡༡ ཟླ་ ༨ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༢ ཉིན་བཏང་གནས་ནང་འཁོད་དོན། ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་ལས་བྱེད་དྲུག་ཡོད་པ་ནས་དོན་གཅོད་ཀྱི་ཕྱག་རོགས་དྲུང་ཡིག་ཟུང་དྲུང་བསྟན་འཛིན་བདེ་སྐྱིད་ལགས་ལོ་གཉིས་ཆོད་གན་གྱི་དུས་ཚོད་རྫོགས་པ་དང་། དོ་བདག་ནས་ཀྱང་མུ་མཐུད་དེ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་ལྟར། ཕྱི་འབྲེལ་བརྒྱུད་བཀའ་ཤག་ལ་སྙན་སེང་ཞུས་པར་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཟུང་དྲུང་ངག་དབང་ཡོན་ཏན་ལགས་ཨ་རི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་དུ་བསྐོ་གཞག་གནང་བ་དང་ཆབས་ཅིག་ཡིག་ཆ་བཟོ་འགྲུབ་མཚམས་ལས་བཅར་འགོ་འཛུགས་ཞུ་དགོས་པའི་གསལ་བསྒྲགས་གནང་ཡོད། གསལ་བསྒྲགས་གནང་མ་ཐག་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཨ་རིའི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་ཞུས་ཏེ་ཟུང་དྲུང་ངག་དབང་ཡོན་ཏན་ལགས་ཀྱི་དགོས་ངེས་ཡིག་ཆ་ཁག་གྲ་སྒྲིག་གི་ལས་དོན་འགྲོ་མུས་ཡིན་ན་ཡང་། ཁོང་ཨ་རིར་མ་འབྱོར་བར་དོན་ཁང་ལས་ཁུངས་ཀྱི་ལས་དོན་ལ་འཐུས་ཤོར་མི་འགྲོ་བའི་ཆེད་ཟླ་སྒྲོན་དངོས་གྲུབ་ལགས་ཀྱིས་ཟུང་དྲུང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་ཚབ་གནང་བཞིན་ཡོད།
དེ་ཡང་ཟླ་སྒྲོན་དངོས་གྲུབ་ལགས་ནི་དེ་སྔ་རྒྱ་གར་སྡེ་ར་ལྡུན་ཁུལ་ནས་ཡིན་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཁོང་ཕ་མ་གཉིས་དང་མཉམ་དུ་ཨ་རིའི་མལ་སི་ཆུ་སི་(Massachusetts) ཁུལ་དུ་འབྱོར་ཞིང་། འདི་ལོ་ཕྱི་ཟླ་ ༥ པར་ (Massachusetts, )གཙུག་ལག་སློབ་གཉེར་ཁང་མཐར་ཕྱིན་ཏེ་(Bachelor of Arts degree)ཐོབ་ཡོད། ཁོང་གིས་སློབ་སྦྱོང་གཙོ་བོ་འཕྲིན་ལམ་གྱི་འབྲེལ་བ་དང་།
ཞོར་དུ་ཤེས་ཡོན་ ( Communication and a minor in Education)ཐོག་གནང་ཡོད་པ་རེད། དེ་བཞིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དོན་ཁང་དུ་ལོ་གཉིས་ལྷག་ཕྱག་ལས་གནང་རིང་རང་འཁྲི་ལས་འགན་ཁྲི་བསྒྲུབས་པ་ཙམ་མ་ཟད། སེམས་ཤུགས་ཆེ་ཞིང་ལྷག་བསམ་དཀར་བས་དོན་ཁང་གི་ལས་དོན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དོན་གཅོད་ཁང་གི་འགོ་ལས་ཚང་མས་ཁོང་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པ་ནི་མིང་དོན་མཚུངས་པ་ཞིག་ཡིན། དོན་གཅོད་གཙོ་གྱུར་ལས་བྱེད་ཚང་མས་ཁོང་གི་སློབ་སྦྱོང་ལམ་བུར་འགོག་རྐྱེན་བར་ཆད་མེད་པར་མ་འོངས་པར་ལས་སློབ་གང་ཅིའི་ཐོག་འབྲས་བུ་གཡུར་དུ་ཟ་བའི་སྦྱང་འབྲས་ཐོན་པའི་སྨོན་ལམ་ཞུས་ཡོད་པ་བཅས། །