༢༠༡༡ ཟླ་ ༨ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་(Institute of Multi Track Diplomacy) ཞེས་པའི་བསྟི་གནས་ཁང་དང་། སྦེང་ལོར་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ལས་ཁུངས་གཉིས་ཐུན་མོང་གི་གོ་སྒྲིག་ཐོག་ཉིན་ལྔ་རིང་རྩོད་རྙོག་འདུམ་འགྲིག་གི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༩༢ ལོར་(IMTD) ཞེས་པའི་བསྟི་གནས་ཁང་འདི་གསར་འཛུགས་གནང་བ་ནས་བཟུང་བོད་མིའི་སྤྱི་ཚོགས་འཕྲོད་ཟབ་སྦྱོང་འདི་རིགས་གནང་དང་གནང་མུས་ཡིན།
དེ་ཡང་ཟབ་སྦྱོང་དེའི་དབུ་འབྱེད་མཛད་སྒོའི་ཐོག་ཟབ་ཁྲིད་པ་གཙོ་བོ་སྐུ་ཞབས་ཨི་ལིན་བྷོ་རི་སི་(Dr.Eileen Borris) ལགས་དང་།
སྐུ་ཞབས་ཀེ་ཝིན་ལ་ཕུ་ལུ་ཨར་(Mr.Kevin la Fluer)ལགས། ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་། ཟབ་སྦྱོང་སྐབས་ཟབ་སྦྱོང་སྤྲོད་རྒྱུའི་བརྗོད་གཞི་གཙོ་བོ་རྣམས་ནི། འཚེ་མེད་ཞི་བ་དང་བཟོད་སྲན་བསྐྲུན་ཐབས། དེ་བཞིན་རྩོད་རྙོག་རིགས་ནམ་བྱུང་ལ་འདུམ་འགྲིག་ཇི་ལྟར་བྱེད་ཐུབ་མིན་སོགས་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་དང། མོན་གྷོ། ཧོན་སུར། ཀོ་ལི་གྷལ། དེ་བཞིན་སྦེང་ལོར་གྱི་ལས་ཁུངས་ཁག་གཅིག ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་(Dalai Lama`s Istitute of Higher Education) བཅས་ཁྱོན་ཟབ་སྦྱོང་དེར་ཚོགས་མི་ ༡༩ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ས་གནས་འགོ་འཛིན་དང། དགེ་འདུན་པ། དགེ་རྒན། ལས་ཁུངས་ཀྱི་ལས་བྱེད། བརྒྱ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འཐུས་མི་བཅས་ཡིན་འདུག་པ་བཅས།།