༢༠༡༡ ཟླ་ ༨ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་དང་སྙན་ཐོ་ཕྱོགས་བསྒྲིགས་བྱས་པའི་དེབ་དབུ་འབྱེད་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དབུ་བཞུགས་ཐོག་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་དང་སྦྲགས་ཕྱི་དྲིལ་བཀའ་བློན་མཆོག་གིས་དབྱིན་སྐད་ཐོག་ཕྱི་ནང་གི་གསར་འགོད་པ་ ༣༠ བརྒལ་བར་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གྲུབ་མཚམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་ཕྱོགས་བསྒྲིགས་བྱས་པའི་དེབ་དབུ་འབྱེད་གནང་ཡོད། གོང་གསལ་ཕྱི་དྲིལ་བཀའ་བློན་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་ཡོད་པ་རྣམས་གཤམ་གསལ།
༄༅། །རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་འགྲེམས་སྤེལ་ཞུ་ཐུབ་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། སྙན་ཐོ་འདིའི་ནང་ལྷན་ཚོགས་དེའི་སྟེང་གནང་བའི་གསུང་བཤད་གལ་ཆེ་ཁག་བཀོད་ཡོད་པ་འདི་དག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་བ་རྣམས་ལ་ལམ་སྟོན་གྱི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
རྒྱལ་སྤྱིའིི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་དེ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་སྦྱོར་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Core Group for Tibetan Cause, India) གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༥ ནས་ ༧ བར་རྒྱ་གར་གྱི་མངའ་སྡེ་ཧརི་ཡ་ནའི་གྲོང་སྡེ་སུ་རཇ་ཀུནཌ་(Surajkund) རུ་ཚོགས་ཡོད། ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༠ ལོར་རྡ་སར་ཚོགས་ཡོད་པ་དང་ད་རེས་ཡང་བསྐྱར་རྒྱ་གར་ལ་ཐེངས་གཉིས་པ་དེ་ཚོགས་ཐུབ་པ་ནི་གལ་གནད་ཆེན་པོར་རྩི་བཞིན་ཡོད།
ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞིའི་རྒྱབ་ལྗོངས་གཙོ་བོ་ནི ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མིའི་ཞི་རྒོལ་བྱུང་བ་དེའི་སྐོར་ཡིན་པ་དང་རྒྱ་གཞུང་ནས་བོད་མིའི་ཞི་རྒོལ་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པར་སྔར་བྱུང་མ་མྱོང་བའི་རྒྱལ་སྤྱིའི་སྐྱོན་བརྗོད་བྱས་ཡོད་པ་བཅས་ཀྱི་སྐོར་ཡིན། ང་ཚོའི་བསམ་པར་ཚོགས་ཆེན་གྱི་མ་འོངས་པའི་ལག་བསྟར་འཆར་གཞི་འདིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་དང་བྱེད་ཕྱོགས་ཁག་ཆ་ཚང་བ་དང་ལག་ལེན་དོན་འཁྱོལ་ཡོང་སླད་ལམ་སྟོན་ཡོང་རྒྱུ་དང་། དེ་ཙམ་མ་ཟད་ང་ཚོའི་ཡིད་ཆེས་ལ་མ་འོངས་པའི་ལག་བསྟར་འཆར་གཞི་འདིས་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་ལ་ནུས་སྟོབས་གསར་པ་དང་ཁ་ཕྱོགས་གསར་པ་ཞིག་ཀྱང་བསྐྲུན་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།
བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་བླངས་བ་ཤ་སྟག་ཡིན་པ་དང་ཁོང་ཚོས་མ་བསྐུལ་དང་བླངས་ཐོག་དངོས་ཤུགས་བརྒྱུད་གསུམ་གྱིས་བོད་ཀྱི་གནད་དོན་རང་རང་སོ་སོའི་ས་ཁུལ་དུ་དྲིལ་བསྒྲགས་དང་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་དྲུག་པའི་སྐབས་ཚོགས་བཅར་བ་རྣམས་ཀྱི་གོ་བསྡུར་ལྷུག་པོ་གནང་སྟེ་ད་ལྟའི་བོད་ཀྱི་གནས་སྟངས་གཞིར་འཛིན་ཐོག་མ་འོངས་པར་ལག་བསྟར་འཆར་གཞི་སྤེལ་ཐབས་གནང་ཡོད་ཅིང་ང་ཚོའི་རེ་བ་ལ་འབྱུང་འགྱུར་བྱེད་འཆར་དེ་དག་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་དང་རྒྱབ་སྐྱོར་ཚོགས་པའི་མ་འོངས་ལས་གཞི་ཁག་ལ་ལམ་སྟོན་ཡོང་ངེས་ཡིན། དེ་བཞིན་སུ་རཇ་ཀུནཌ་རུ་སྤེལ་བའི་བསྒྲགས་གཏམ་ (Surajkund Statement) དང་ལག་བསྟར་འཆར་གཞི་བཅས་གསར་འགོད་གསལ་བསྒྲགས་འདིའི་ཐོག་འགྲེམས་སྤེལ་ཞུས་ཡོད།
ཐེངས་འདིར་དམིགས་བསལ་འདོད་བློ་ཚིམ་པའི་གནས་ཚུལ་ཞིག་ནི་ཚོགས་ཆེན་ཐེངས་དྲུག་པ་འདིའི་ཐོག་རྒྱ་རིགས་ཀྱི་ཚོགས་བཅར་བ་མང་དག་ཅིག་མཉམ་ཞུགས་གནང་ཡོད། ཁོང་ཚོས་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་གནང་བ་དེས་བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་བློ་སྤོབས་ཤུགས་ཆེ་འཕེལ་བ་མ་ཟད། རྒྱ་རིགས་སྤུན་ཟླ་ཇེ་མང་གིས་བོད་མིའི་དངོས་ཡོད་གནས་ཚུལ་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་འདིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁག་རྒྱ་ནག་དང་རྒྱ་མི་རིགས་ལ་ངོ་རྒོལ་རེད་ཅེས་བཤད་པ་དེ་དག་རྫུན་གཏམ་ཡིན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད།
ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་ལམ་སྟོན་བཀའ་སློབ་ཟབ་མོ་སྩལ་ཡོད་པ་ནི་ང་ཚོར་སེམས་འགུལ་ཐེབས་པའི་རྒྱུ་ལྟ་བུ་ཆགས་ཡོད། དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ཨ་ངྷེ་ཝ་ནི་མཆོག (L K Advani) དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝལ་སི་བལ་མཆོག་ (Kanval Sibal) ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཝི་ཇེ་སིལྷག་མན་ཀོ་ཏི་ཨ་མཆོག་ (Major Vijay Singh Mankotia) བཅས་ཀྱི་རྒྱབ་སྐྱོར་དང་གསུང་བཤད་གནང་ཡོད་པར་སོང་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ནུས་སྟོབས་ཤིག་ཆགས་ཡོད།
ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་ ༥༧ ནས་ཕེབས་པའི་ཚོགས་བཅར་བ་གྲངས ༢༥༨ ནས་མཉམ་ཞུགས་གནང་ཡོད།
ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ནས།
གོང་གསལ་དབྱིན་ཡིག་ཐོག་ཡོད་པ་ནས་བོད་བསྒྱུར་ཞུས་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།