༢༠༡༡ ཟླ་ ༨ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་སྔོན་ནས་རེ་འདུན་ཞུས་དོན་ལྟར་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༨ ཉིན་གྲོང་ཁྱེར་ནིའུ་ཡོཀ་གི་(Riverside Church)ཞེས་པའི་ཡེ་ཤུ་ལྷ་ཁང་ཆེན་མོའི་ནང་བོད་རིགས་མང་ཚོགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣ། དད་ལྡན་ཕྱི་རྒྱལ་མི་རིགས། རྒྱ་རིགས་རྣམས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྔོན་ནས་རེ་འདུན་གནང་བ་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་ལགས་ཀྱིས་གསུང་བཤད་གནང་སྐབས། བྱང་ཨ་རིར་གནས་སྡོད་བོད་མིའི་མི་འབོར་ལོ་རེ་བཞིན་འཕར་སྣོན་ཕྱིན་ཡོད་པའི་གནས་སྟངས་དང་། དེ་བཞིན་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར་གྱི་གནས་སྟངས་ཐད་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་སྐོར། བྱང་ཨ་རིའི་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་མི་རབས་རྣམས་གནས་སྡོད་བྱེད་སའི་ཁོར་ཡུག་གནས་སྟངས་དབང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་ཐད་གདོང་ལེན་མ་བྱེད་ཀ་མེད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། བྱང་ཨ་རིར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་ཁོངས་ནས་ས་གནས་ ༢༠ ནང་རེས་གཟའ་སྤེན་པའམ་ཉི་མའི་བོད་ཡིག་སློབ་གྲྭ་བཙུགས་ཡོད་སྐོར།
བོད་སྤྱི་པའི་རྩ་དོན་ཐོག་བྱང་ཨ་རིའི་བོད་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་གང་འདྲ་ཡོད་མེད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་ཚང་མས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་བྱང་ཨ་རིའི་བོད་མི་མང་ཆེ་བར་ཕྱར་གྲུ་མཉམ་འདེགས་གྱི་བསམ་བློ་ཡག་པོ་ཡོད་པ། གཙོ་བོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཕྱོགས་མཚུངས་ཚོགས་སྐྱིད་ཁག་ཚང་མའི་རྒྱབ་སྐྱོར་དང་། འབད་བརྩོན་ལ་བརྟེན་ནས་བྱང་ཨ་རིའི་ནང་ནས་བོད་མི་མང་ཤོས་འདུས་སྡོད་བྱེད་ཡུལ་ནིའུ་ཡོཀ་ཁུལ་དུ་ཆོས་དང་རིག་གཞུང་གི་བསྟི་གནས་སམ་ས་གནས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གསར་པ་ཞིག་གང་མགྱོགས་ཉོ་རྒྱུར་ཚང་མས་འབད་བརྩོན་བྱེད་བཞིན་ཡོད་པ་སོགས་བྱང་ཨ་རིར་གནས་འཁོད་བོད་མིའི་སྤྱི་ཡོངས་ཀྱི་གནས་སྟངས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྙན་སེང་གི་ཚུལ་དུ་སྙན་སྒྲོན་ཞུས་ཡོད་པ་རེད།
དེ་རྗེས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དེར་འདུས་སེར་སྐྱ་མི་མང་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་ཆབས་ཅིག་གསུང་དོན། དེ་རིང་ཐུགས་རྗེ་ཆེན་པོའི་བཀའ་དབང་བྱེད་ཀྱི་ཡོད། ཐུགས་རྗེ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོར་གོ་དགོས་ཤིང་། ང་རང་ཚོ་མི་རེ་ངོ་རེའི་མི་ཚེའི་ནང་སེམས་ཅན་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་མཐོང་ཆེན་བྱས་ཏེ་སྙིང་རྗེ་ཆེན་པོ་རྒྱུན་སྲིང་གིས་ཉམས་ལེན་བྱེད་དགོས། ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར་རང་རྒྱུད་ལ་སྙིང་རྗེ་སྐྱེ་ཐུབ་པ་བྱེད་རྒྱུ་དེ་ནི་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞུ་དགོས་པའི་དགོས་དམིགས་གཙོ་བོ་ཡིན་ཞེས་དང་། ཡང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བདེ་སྐྱིད་སྐོར་གསུང་དོན། འགྲོ་བ་མིའི་རིགས་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན། འདོད་པའི་བདེ་སྐྱིད་ཐོབ་པར་ཕྱི་དངོས་པོའི་ཡར་རྒྱས་གཅིག་པུས་འདང་གི་མེད་པར་བརྟེན། བདེ་སྐྱིད་ཀྱི་རྒྱུ་ངོ་མ་ག་རེ་ཡིན་པ་རྩད་གཅོད་ཀྱིས་ཤེས་པ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། ནང་པའི་ཆོས་ནས་གསུང་པའི་རྟེན་འབྱུང་གི་ལྟ་བ་ནི་དེང་སང་སྤྱི་ཚོགས་ཀྱི་གནས་ཚུལ་དངོས་དང་ཧ་ཅང་གི་མཚུངས་ཀྱི་ཡོད་པ་རིམ་བཞིན་ར་འཕྲོད་ཡོང་གི་ཡོད། གཞན་ཡང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་དགུང་གྲངས་ ༧༦ ལ་ཕེབས་ཟིན་པ་མ་ཟད། ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མཚམས་འཇོག་མཛད་ཟིན་པ་རེད། དེས་ག་རེ་བསྟན་གྱི་ཡོད་དམ་ཞུས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མ་ཞུགས་པའི་སྐབས་ལ་ཡང་གང་ཉིད་ཀྱི་དགོངས་བཞེད་དང་། མཛད་པ་འཕྲིན་ལས་མུ་མཐུད་རྒྱུན་འཛིན་ཐུབ་མིན་ནི་ང་རང་ཚོ་བོད་མི་རང་ཉིད་ནས་འགན་མང་ཙམ་འཁུར་དགོས་པ་དང་། བོད་པ་རང་ཉིད་ལ་རག་ལུས་ཡོད་པ་བསྟན་གྱི་ཡོད་པས་དེ་ལུགས་ཚང་མས་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་ཡིན། ལྷག་པར་ནུབ་ཕྱོགས་ཡུལ་གྲུར་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པ་དང་ཆབས་ཅིག་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་མི་ལྷོད་པ་དགོས་པ་མ་ཟད། ཐོག་མར་བོད་གང་འདྲ་བྱས་ནས་ཤོར་བ་དང་། བར་དུ་གནས་ཚུལ་གང་བྱུང་བ། ད་ལྟའི་བོད་ནང་གི་གནས་སྟངས་གང་ཡིན་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད། མཐར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གོ་སྒྲིག་དང་ལས་དོན་ལ་འབྲེལ་བ་ཡོད་པའི་ཚོགས་སྐྱིད་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་མཇལ་ཁ་ཡང་གནང་།
ཐེངས་འདིའི་རྒྱལ་བ་ཀརྨ་པ་རིན་པོ་མཆོག་གི་བཀའ་དབང་དང་གསུང་བཤད་ཀྱི་ལས་རིམ་དེ་བཞིན་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་ཐོག་དེར་གཞོགས་འདེགས་དང་ཕྱག་རོགས་ཞུ་མཁན་ས་གནས་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ཚོགས་པ། ཉིན་སློབ་ཕ་མའི་ཚོགས་ཆུང་ཡིན་ཞིང་། བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། རྒྱ་རིགས། དད་ལྡན་ཕྱི་རྒྱལ་མི་སྣ་བཅས་ཁྱོན་མི་གྲངས་ ༢༨༠༠ ཙམ་ཕེབས་ཡོད། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ནས་ཀྱང་དེ་རིང་གི་བཀའ་ཆོས་བཀའ་སློབ་གོ་སྒྲིག་ཞུ་དགོས་དོན་དང༌། ཀརྨ་པ་རིན་པོ་ཆེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་ཆོས་དང་
བཀའ་སློབ་གནང་རྒྱུའི་ཞལ་བཞེས་གནང་བར་མང་ཚོགས་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚོགས་པའི་སྤྱི་ཁང་ཉོ་རྒྱུའི་ལས་དོན་གང་མགྱོགས་དོན་འཁྱོལ་ཡོང་བའི་རེ་བ་ཡོད་ཅིང་། བར་ཆད་ཇི་ཡོད་ལྡོག་པའི་ཐུགས་སྨོན་སྐྱབས་འཇུག་གནང་རོགས་གནང་ཞེས་གསུངས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཐེངས་འདིར་ཨ་རིར་ཕེབས་ཐེངས་གཉིས་པ་དེ་ཡིན་ཞིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་སྐབས་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་མེ་འཁོར་འབབ་ཚུགས་སུ་ཕེབས་བསུར་བཅར་ཡོད། ད་ཐེངས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་དོན་གཙོ་བོ་ནི། ཨ་རིའི་གྲོང་ཁྱེར་(Boulder) ཁུལ་དུ་སྐོང་ཚོགས་གནང་བའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚན་རིག་གི་སྔོན་འགྲོའི་ཚོགས་འདུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་ཕེབས་པ་ཞིག་ཡིན་ཞིང་། ཕྱི་ཚེས་ ༣༠ ཉིན་ནིའུ་ཡོཀ་གྲོང་ཁྱེར་ནས་རྒྱ་གར་དུ་ཕྱིར་ཕེབས་གནང་ཡོད་པ་བཅས། །